ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས2ཉིན། ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོ་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་ཉེར་གསུམ་པ་གཙོད་གྲོང་ཁྱེར་གྱི་དོན་གྲུབ་རྩྭ་ཐང་དུ་འཚོགས་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་དང་ཐག་རིང་ནས་ཡོང་བའི་སྐུ་མགྲོན་དང་ཡུལ་སྐོར་བ་ཚོས་མཉམ་དུ་གཟབ་རྒྱས་ཀྱི་ཚོགས་འདུ་ལ་བསུ་བ་བྱས་ནས་རྩྭ་ཐང་དུ་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས།
སྐབས་འདིའི་སྒྱུ་རྩལ་དུས་ཆེན་ནི་ཀན་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། གཙོད་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་འགན་སྒྲུབ་བྱས་ཤིང་། བྱེད་སྒོའི་ནང་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་གཅིག་སྡུད་ཐོག་མངོན་པ་དང་། ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཐུན་མོང་ཐོག་བདེན་དཔང་བྱས།
མགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ། རྩྭ་ཐང་གི་བུ་རྒོད་ཚོ་རྨ་ཆུའི་རྟ་མཆོག་ལ་ཞོན་ཏེ་གཟི་བརྗིད་ལྡན་པའི་སྒོ་ནས་རྟ་ཞོན་རུ་ཁག་གྲུབ་ནས་བང་གིས་རྒྱུག་པ་དང་། དར་འཛིན་པས་ཕྲག་པར་སྐར་ལྔའི་དར་དམར་འཁུར་ནས་རྟ་ལ་ལྕག་གིས་གཡུག་གཡུག་གཏོང་བཞིན། རྩྭ་ཐང་གི་བུ་ཕྲུག་ཚོའི་དཔའ་སྤོབས་ཀྱི་རྣམ་པ་མངོན།
སྐབས་འདིའི་སྒྱུ་རྩལ་དུས་ཆེན་ནི་མགོ་ཚུགས་མཛད་སྒོ་དང་། སྐབས་གསུམ་པའི་གཙོད་གྲོང་རོལ་དབྱངས་དུས་ཆེན། ཚོང་འགུགས་དངུལ་འདྲེན་བྱེད་སྒོ་སོགས་གཙོ་གནད་བྱེད་སྒོ་ཁག7ལས་གྲུབ་པ་དང་། དུས་མཚུངས་སུ“ངས་ཕ་ཡུལ་ལ་བསྟོད་གླུ་ལེན”ཞེས་པའི་རོལ་དབྱངས་མཛད་སྒོ་གཟབ་རྒྱས་ངང་སྤེལ། གཙོད་གྲོང་ཁྱེར་གྱིས་ད་དུང་ཨ་མྱེས་གཉན་ཆེན་དྲ་གྲགས་འགྲོ་ས་དང་རི་འཛེགས་བྱེད་སྒོ། ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་སྐབས་ལྔ་པ། ཤམ་བྷ་ལ་རིག་གནས་ཐང་ཆེན་གྱི་སྐོར་བྲོའི་འཁྲབ་སྟོན་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་སྣ་ཚོགས་སྤེལ།
སྒྱུ་རྩལ་དུས་ཆེན་གྱིས་རྣམ་ཐར་ཟློས་གར《རྒྱ་བཟའ་ཀོང་ཇོ་བོད་དུ་བསྐྱོད་པ》དང《དམར་དམག་ཀན་ལྷོ་རུ་ཡོད་པ》།《ལ་ཙི་ཁོའུ་ཡི་གཡུལ་འགྱེད》།《སྟག་མ་མེ་ཏོག་བཞད་པ》སོགས་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་རིག་གནས་བརྩམས་ཆོས་རྩོམ་སྒྲིག་ཞིབ་ཚགས་བྱས་ཏེ།“ཡུལ་ལྗོངས་བསྐྱར་མངོན་དང་སྒྱུ་རྩལ་གསར་རྩོམ”གྱི་བྱེད་ཐབས་བརྒྱུད་དེ“གཏམ་རྒྱུད་རང་བཞིན”གྱི་ཁུངས་སྣེ་སྤྱད་དེ་མགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ཧྲིལ་པོ་གཅིག་ཏུ་སྦྲེལ་བ་མ་ཟད། གཞི་ཁྱོན་ཆེ་བའི་མི་ཁྲིའི་སྐོར་བྲོའི་ཐོག་ནས་མཛད་སྒོ་མཇུག་བསྒྲིལ་བ་དང་། ཀན་ལྷོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ནང་དོན་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། དེ་དང་ཆབས་ཅིག་དམའ་དབྱིངས་འཕུར་སྐྱོད་འཁྲབ་སྟོན་ནང་འདྲེན་བྱས་ཏེ། ཐད་འཕུར་གནམ་གྲུ་དང་དབུགས་ལྒང་དང་ས་ངོས་ཀྱི་བརྗིད་ཉམས་ལྡན་པའི་རྟ་ཞོན་རུ་ཁག་གི་འཁྲབ་སྟོན་ཕན་ཚུན་གཞོགས་འདེགས་བྱས་ཏེ། བར་སྣང་དང་ས་ངོས་དང་། དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་གྱི་ངོ་མཚར་ཆེ་བའི་ལངས་གཟུགས་རྣམ་པའི་འཁྲབ་སྟོན་གསར་གཏོད་དང་འགྲེམས་སྟོན་བྱས།
ཤེས་གསལ་ལྟར་ན། ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོའི་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་ཀན་ལྷོ་ཁུལ་གྱི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས། ཤུགས་རྐྱེན་རྒྱ་ཆེ་ཤོས་བཅས་ཀྱི་ཕྱི་རོལ་སྒྱུ་རྩལ་ཚོགས་ཆེན་ཆེ་གྲས་ཤིག་ཡིན་པ་རེད། ཀན་ལྷོའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་པའི་ངོས་ནས། དུས་ཆེན་སྐབས་རིམ་བྱུང་གིས་གཟུགས་འདས་ཤུལ་བཞག་རིག་གནས་དར་སྤེལ་གཏོང་བ་དང་དམངས་སྲོལ་སྒྱུ་རྩལ་གྱི་སྙིང་བཅུད་འགྲེམས་སྟོན་བྱས་པ་བརྒྱུད།“གནས་མཆོག་ཀན་ལྷོ་·སེམས་ཀྱི་འགྲུལ་བཞུད”ཅེས་པའི་ཟོང་རྟགས་ཀྱི་ནང་དོན་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཏེ། ཀན་ལྷོའི་ཕྱི་ཕྱོགས་ཀྱི་ཡིད་དབང་འགུག་ཤུགས་དང་རིག་གནས་ཀྱི་ཤུགས་རྐྱེན་མུ་མཐུད་དུ་རྒྱ་བསྐྱེད་བཏང་ཡོད། ལོ་མང་རིང་། དུས་ཆེན་དང་ཚོགས་འདུ་རྒྱལ་ཁའི་ངང་བསྡུས་པ་དེས་དེ་ནི་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཟམ་པ་དང་འབྲེལ་ཐག་ཏུ་གྱུར་པ་མ་ཟད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་པའི་འགག་རྩའི་སྟེགས་བུར་ཡང་གྱུར་ཡོད། །