ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་གཙོ་གནད་ས་ཁོངས་རྫོང་དུ་བདམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་གཙོ་གནད་ས་ཁོངས་རྫོང་དུ་བདམས་པ་དེ་ཐོག་ནས་ས་གནས་དེ་གས་སྐྱེ་ཁམས་སྔོན་ལ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱས་པ་མཚོན་ཡོད། 

ཅོ་ནེ་རྫོང་ནི་མཚོ་བོད་ས་མཐོ་དང་ས་སེར་ས་མཐོའི་བར་བརྒལ་ཁུལ་དུ་གནས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ཁུངས་སྲུང་སྐྱོང་ཁུལ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ས་གནས་དེ་གའི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོང་བྱ་རྒྱུ་དེ་ལྟེ་བའི་ལས་འགན་དུ་བརྩིས་ནས། མ་དངུལ་བསྡོམས་འབོར་སྒོར་ཁྲི10476.45བཏང་བའི་ཀན་ལྷོ་རྨ་ཆུའི་ཆུ་ཁུངས་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཉམས་གསོ་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད། རྩྭ་ཐང་སྔོ་ཁེབས་ཁེབས་ཚད97.08%བར་མཐོ་རུ་ཕྱིན་པ་དང་། ནགས་ཚལ་ཁེབས་ཚད27.22%ལ་སླེབས་ཡོད། 

སྐྱེ་ཁམས་ཀྱི་ལེགས་ཆ་གཞིར་བཟུང་། ཅོ་ནེ་རྫོང་གིས་ཏ་ཡུས་ཀོའུ་རྒྱལ་ཁབ་ཀྱི4Aརིམ་པའི་མཛེས་ལྗོངས་ཁུལ་དང་། ཅིའུ་ཐེན་ཧྲི་མིན། ཅང་ཐེ་གཞུང་ལམ་སོགས་མཛེས་ལྗོངས་ཁུལ་ལྟེ་བར་བྱས་ཏེ། ས་ཁོངས་ཡོངས་དང་དུས་ཚིགས་ཡོངས་ཀྱི་ཡུལ་སྐོར་རྣམ་པ་བཏོད་ཡོད། ན་ནིང་རྫོང་ཡོངས་ནས་ཡུལ་སྐོར་བ་མི་ཐེངས་ཁྲི250.1སྣེ་ལེན་བྱས་པ་དེ་དུས་མཉམ་ལས10.61%འཕར་བ་དང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར15.7ཟིན་པ་དེ་དུས་མཉམ་ལས30.19%འཕར་བ་རེད། དེ་དང་ཆབས་ཅིག་རིག་གནས་ཡུལ་སྐོར་གྱི་ཚད་ལྡན་གྲོང་ཚོ9བཏོད་པ་དང་། ཞི་ཉི་ཀོའུ་དང་ཡུན་ཅང་། ཁྲུའུ་ཧྲེ། པའེ་ཐུའུ་ཙུའེ་སོགས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ཆེད་ལས་གྲོང་ཚོ17བསྐྲུན་ཡོད། 

ཁྱད་ལྡན་ཞིང་འབྲོག་ཐད། ཅོ་ནེ་རྫོང་གིས་འབྲི་གཡག་དང་བོད་ལུག བོད་ཀྲུང་སྨན་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་ཆེན་པོ་བརྒྱད་གསོ་སྐྱོང་བྱས་པ་དང་། ཐོན་རྫས་བཞི“བྲོ་ཞིམ”དཀར་ཆག་ནང་བདམས་པ་རེད། “ཁྱིམ་ཚང་ཞིང་ར་དང་མཉམ་ལས་ཁང་། ཞིང་དུད”བཅས་ཀྱི་རྣམ་པ་བརྒྱུད། དབུལ་ཐར་དུད་ཚང་མ་རྐང་ནང་ཞུགས་ནས་ཁེ་སྤོགས་སྤྲོད་རྒྱུར་སྐུལ་ཁྲིད་བྱས་ཏེ། ཁྱད་ཆོས་ལྡན་པའི་འདེབས་གསོ་ལས་རིགས་དེ་རྫོང་ཡོངས་ཀྱི་ཤང་གྲོང་གི85%ལ་ཁྱབ་ཡོད། གཞན་ཡང་གློག་རྡུལ་ཚོང་ལས་དང་འོད་ནུས་སོགས་གསར་དར་ཐོན་ལས་ཀྱང་བཀོད་སྒྲིག་ཇེ་མགྱོགས་སུ་བཏང་ནས་སྐྱེ་ཁམས་དམངས་ཕྱུག་གི་ཐབས་ལམ་སྔར་བས་རྒྱ་བསྐྱེད་བཏང་ཡོད། 

ཅོ་ནེ་རྫོང་གིས་ད་དུང་རིམ་རྩིས་ཐོག་སྒོར་དུང་ཕྱུར28.29བཏང་ནས། སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་གྲོང་སྡེ379བསྐྲུན་པ་དང་། ཞིང་འབྲོག་གྲོང་ཚོའི་བདེ་འཇགས་འཐུང་ཆུ་ཚད་གཞིར་སླེབས་པ་དང་འཚོ་བའི་གད་སྙིགས་བསྡུ་སྐྱེལ་བྱེད་ཚད100%ཟིན་ཡོད། དེ་དང་ཆབས་ཅིག གྲོང་གསེབ་ཀྱི་ནགས་སྲུང་པ་དང་གཙང་སྦྲ་པ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས5000ཡན་གསར་སྤེལ་བྱས་ཏེ། ཁྱིམ་ཚང་རེར་ཆ་སྙོམས་ཀྱི་ལོ་རེའི་ཡོང་འབབ་སྒོར6000ནས་ཁྲི2བར་ཇེ་མང་དུ་བཏང་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།