ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་སློབ་གསོ་རྒྱུགས་ལེན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོའི་ལོ་སྨད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་ཡིག་རྒྱུགས་དེ་ཟླ7པའི་ཚེས4ཉིན་མིང་ཐོ་འགོད་མགོ་ཚུགས་རྒྱུ་ཡིན་པ་དང་། ཟླ9པའི་ཚེས13ཉིན་ཡིག་རྒྱུགས་ལེན་རྒྱུ་རེད།
ཤེས་གསལ་ལྟར་ན། ད་ཐེངས་ཡིག་རྒྱུགས་ཀྱི་དྲ་ཐོག་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ7པའི་ཚེས4ཉིན་གྱི་ཆུ་ཚོད10པ་ནས་ཚེས7ཉིན་གྱི་ཆུ་ཚོད17བར་ཡིན་ལ། དྲ་ཐོག་ཞིབ་དཔྱད་བྱེད་པའི་དུས་ཚོད་ནི་ཟླ7པའི་ཚེས4ཉིན་གྱི་ཆུ་ཚོད10པ་ནས་ཚེས8ཉིན་གྱི་ཆུ་ཚོད17པའི་བར་ཡིན། དྲ་ཐོག་གྲོན་དངུལ་སྤྲོད་པའི་དུས་ཚོད་ནི་ཟླ7པའི་ཚེས4ཉིན་ནས་ཚེས9ཉིན་གྱི་ཆུ་ཚོད24བར་དང་། རྒྱུགས་སྤྲོད་དཔང་ཡིག་པར་འདེབས་བྱེད་པའི་དུས་ཚོད་ནི་ཟླ9པའི་ཚེས8ཉིན་ནས་ཚེས13བར། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ9པའི་ཚེས13ཉིན་ཡིན།
བྱིས་གཉོར་ཁང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་སྤྲོད་མཁན་ལ། བྱིས་པའི་དགེ་འོས་སློབ་གྲྭའམ་ཡང་ན་སློབ་གཉེར་གྱི་ཐོབ་ཐང་ལྡན་པའི་སློབ་གྲྭ་གཞན་དག་གིས་བཙུགས་པའི་འབྲིང་རིམ་ལས་རིགས་སློབ་གཉེར་བརྒྱུད་རིམ་ཡོད་པའི་སློབ་གསོའི་རིགས་ཀྱི“སློབ་སྔོན་སློབ་གསོའི་ཆེད་ལས”ནས་ཐོན་པ་དང་ཡང་ན་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་དགོས། བྱིས་པའི་དགེ་འོས་སློབ་གྲྭ་དང་དེ་བཞིན་འབྲིང་རིམ་ལས་རིགས་སློབ་གྲྭ་གཞན་དག་གི“བྱིས་པ་གསོ་སྐྱོང”འམ་ཡང་ན་འབྲེལ་ཡོད་ཆེད་ལས་གཞན་དག་ནས་མཐར་ཕྱིན་ཚེ། བུ་བཅོལ་ཁང་གི་དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་བྱེད་པའི་ཚད་ལྡན་གྱི་སློབ་གནས་སུ་བརྩི་རྒྱུ་མིན།
སློབ་ཆུང་དགེ་རྒན་གྱི་ཐོབ་ཐང་རྒྱུགས་སྤྲོད་མཁན་ལ། འབྲིང་རིམ་དགེ་འོས་སློབ་གྲྭ་ནས་ཐོན་པ་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་དགོས། དམའ་རིམ་སློབ་འབྲིང་དགེ་རྒན་གྱི་ཐོབ་ཐང་རྒྱུགས་སྤྲོད་མཁན་ལ། མཐོ་རིམ་དགེ་འོས་ཆེད་ཚན་སློབ་གྲྭའམ་ཡང་ན་སློབ་ཆེན་གཞན་དག་གི་ཆེད་ཚན་སློབ་ཐོན་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་དགོས། མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་སྤྲོད་མཁན་ལ། མཐོ་རིམ་དགེ་འོས་སློབ་གྲྭའི་དངོས་གཞིའི་ཚན་ཁག་གམ་ཡང་ན་སློབ་ཆེན་གཞན་དག་གི་དངོས་གཞིའི་ཚན་ཁག་ནས་ཐོན་པ་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་དགོས། འབྲིང་རིམ་ལས་རིགས་སློབ་གྲྭའི་དངོས་སྦྱོང་མཛུབ་ཁྲིད་དགེ་རྒན་གྱི་ཐོབ་ཐང་རྒྱུགས་སྤྲོད་མཁན་ལ། འབྲིང་རིམ་ལས་རིགས་སློབ་གྲྭ་ནས་མཐར་ཕྱིན་པ་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་དགོས་པ་མ་ཟད། ལས་རོགས་བཟོ་སྐྲུན་པའི་ལས་གནས་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་དང་ཡང་ན་འབྲིང་རིམ་ཡན་གྱི་བཟོ་པའི་ལག་རྩལ་རིམ་པ་ལྡན་དགོས།
ཟླ11པའི་ཚེས7ཉིན་ནས་བཟུང་། རྒྱུགས་སྤྲོད་སློབ་མས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་དྲ་ཚིགས(http://ntce.neea.edu.cn)སུ་ཐོ་འགོད་བྱས་ནས་ཡིག་རྒྱུགས་ཀྱི་རྒྱུགས་འབྲས་འདྲི་རྩད་བྱེད་ཆོག སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་གྱི་ཡིག་རྒྱུགས་ཀྱི་ཚན་ཁག་རྐྱང་མའི་ཚད་མཐུན་གྲུབ་འབྲས་ལོ་གཉིས་ནང་གོ་ཆོད་པ་ཡིན། གོ་ཆོད་དུས་ཡུན་ནང་དེ་དང་བསྟུན་པའི་ཡིག་རྒྱུགས་ཀྱི་བླང་བྱ་ལྡན་པའི་ཚན་ཁག་རྐྱང་བའི་སྦྱངས་འབྲས་ཚང་མ་ཚད་ལོན་གཞིར་ལོན་ཚེ་གཞི་ནས་ངོ་རྒྱུགས་ལ་ཞུགས་ཆོག་པ་ཡིན། །