ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཅི་ཧྲི་ཧྲན་ཡོམ་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུས་ལྟར་སློབ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་རྒྱུས་ལོན་ལྟར་ན། ཟླ་བ་གཉིས་ལྷག་གི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཀན་སུའུ་ཞིང་ཆེན་ཅི་ཧྲི་རྫོང་གི་སློབ་གྲྭའི་ཁང་པའི་ཉམས་གསོ་བརྟན་གཏོང་ལས་གཞི185ཚང་མ་ལས་མཇུག་འགྲིལ་བ་དང་འབྲེལ་བེད་སྤྱོད་བྱེད་མགོ་བརྩམས་ཤིང་། ཟླ2པའི་ཚེས26ཉིན་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི6ལྷག་དུས་ལྟར་སློབ་གྲྭར་ཕྱིར་ལོག་པ་རེད།

2023ལོའི་ཟླ12ཚེས18ཉིན་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ6.2བྱུང་ནས་རྫོང་ཡོངས་ཀྱི་སློབ་གྲྭར་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག ས་ཡོམ་བྱུང་རྗེས་ཅི་ཧྲི་ཧྲན་རྫོང་གིས་གནོད་འཚེ་ཕོག་པའི་སློབ་གྲྭའི་གནོད་ཕྱིའི་ཉམས་གསོའི་ལས་དོན་མགྱོགས་མྱུར་ངང་སྤེལ་མགོ་བརྩམས་པ་དང་། དཔྱིད་དུས་ཀྱི་སློབ་དུས་རྒྱུན་གཏན་གྱི་སློབ་མགོ་ཚུགས་པའི་དམིགས་ཚད་ལྟར་དགུན་དུས་ཨར་སྐྲུན་ཐད་དཀའ་ངལ་འཕྲད་པ་དང་ལས་ཡུན་ཐུང་བ་སོགས་ཀྱི་འགལ་རྐྱེན་སེལ་ནས།“སློབ་གྲྭ་གཅིག་ལ་གྱོད་གཞི་གཅིག”གི་བྱེད་ཐབས་སྤྱད་དེ་རིགས་སོ་སོའི་གནད་དོན་ཞིབ་འཇུག་དང་བརྡར་ཤ་བཅད་ནས་ལས་གཞིའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་།

སློབ་མགོ་ཚུགས་པའི་སྔོན་ལ་ཅི་ཧྲི་ཧྲན་རྫོང་གིས་སློབ་དུས་གསར་པའི་ལས་དོན་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་ཆབས་ཅིག་སློབ་ཁང་དང་ཉལ་ཁང་། མེ་ཟོན་སྒྲིག་ཆས་སོགས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་གཙང་སྦྲ་བཅོས་སྒྲིག་བྱས་ནས། སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ཆས་ལ་སྲུང་སྐྱོང་དང་སློབ་དེབ་སྤྲད་དེ། སློབ་མར་སྐྱིད་སྣང་ལྡན་ལ་བདེ་འཇགས་ཡིན་པའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཡག་པོ་བསྐྲུན། སློབ་མགོ་ཚུགས་པའི་ཉིན་དེར་ཅི་ཧྲི་ཧྲན་རྫོང་གི་སློབ་གྲྭ་སོ་སོས་དགེ་སློབ་རྩ་འཛུགས་བྱས་ཏེ། ས་ཡོམ་འཕྲལ་བསྟུན་ཁ་བཀྲམ་ནང་སྦྱོང་གི་བྱེད་སྒོ་སྤེལ་བ་མ་ཟད། སློབ་གྲྭར་ཕྱིར་ལོག་པར་དགའ་བསུ་ཞུ་བའི་མཛད་སྒོ་སྤེལ་བ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།