ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་གི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་པའི་ནོར་ཁུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་དུས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ལྷོ་ཕྱོགས་སུ་གནས་པའི་ཨ་མཆོག་གྲོང་རྡལ་གྱི་རྩྭ་ཐང་དུ་ནོར་ལུག་གིས་ཁེབས་པ་དང་། གྲོང་རྡལ་དེའི་གཙོ་བོ་ནོར་ཁུལ་ལག་བཟོའི་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་བྱེད་བཞིན་པའི་བྱམས་བརྩེ་བོད་རིགས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་གནས་དེར་ཆགས་ཡོད།

ནོར་ལ་མཐོ་སྒང་གི་གྲུ་གཟིངས་ཞེས་འབོད་བཞིན་ཡོད། དེ་ནི་མདོ་དབུས་མཐོ་སྒང་དང་མཐའ་འཁོར་ས་ཁུལ་གྱི་མཐོ་གྲང་རྩྭ་ཐང་ནས་ཁྱད་དུ་ཡོད་པའི་ནོར་གྱི་རིགས་ཤིག་ཡིན་ཞིང་ལོ་རེར་ཐེངས་གཅིག་ལ་ནོར་ཁུལ་ལེན་པ་རེད། ནོར་ཁུ་ཡི་འོད་མདངས་འཇམ་མཉེན་དང་ལྡེམ་ཤུགས་ཆེ་བ། གྲང་འགོག་ཐུབ་པ། རློན་འགོག་རང་བཞིན་གྱི་ཁྱད་ཆོས་ལྡན་པས་གནས་གོང་ཆེ་བའི་བལ་བསླས་གྱོན་ཆས་རྒྱུ་ཆ་རུ་གྱུར་ཡོད།

ཡིན་ཡང་སྔོན་ཆད་གནས་གོང་ཆེ་བའི་ཐོན་རྫས་བཟོ་བྱེད་ཀྱི་ནོར་ཁུ་ས་གནས་མང་ཚོགས་ཀྱིས་ཨོང་བ་དང་མཉམ་དུ་མེ་ལ་སྲེག་བཞིན་ཡོད།

2015ལོར། བསང་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་འོག་ཏུ་སྒྲོལ་མ་སྐྱབས་ཀྱིས་བྱམས་བརྩེ་བོད་རིགས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས། ཁོས“ངའི་བསམ་ཚུལ་ཁོ་ན་ནི་སྔོན་ཆད་མེ་ལ་སྲེག་པའི་ནོར་ཁུལ་དེ་རིན་པོ་ཆེ་རུ་གཏོང་རྒྱུ་དེ་ཡིན”ཟེར།

ཀུང་སི་བཙུགས་རྗེས་སྒྲོལ་མ་སྐྱབས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཐོན་རྫས་ལ་ལེགས་ཐོག་ལེགས་འཚོལ་བྱས་ནས་བལ་ཡུལ་ནས་ནོར་ཁུལ་འཐག་པའི་ལག་བཟོ་འཁལ་འཐག་སྒྲིག་ཆས་ཉོས་པས། ཡོ་རོབ་གླིང་གི་འཛད་སྤྱོད་པ་ཚོའི་དགའ་བསུ་ཐོབ་པའི་ནོར་ཁུའི་སྐེ་དཀྲིས་དང་ཞྭ་མོ་སོགས་ཀྱི་གོང་གནས་མཐོ་བའི་ཐོན་རྫས་བཟོས་པ་རེད།

“ཐོན་རྫས་ཐོན་སྐྱེད་གོ་རིམ་ཁྲོད་འཁལ་འཐག་པ་དང་ཚེམ་པ། དབུར་ཏི་རྒྱག་པ། ལེགས་སྒྲིག་སོགས་ཀྱི་གོ་རིམ་ཚང་མ་ལས་བཟོ་པའི་ལས་ཀ་ཡིན། ཐོན་རྫས་རྩེ་གྲ་འདི་དག་ལ་ཡོ་རོབ་གླིང་གི་གྱོན་གོས་མིང་གྲགས་ཆོད་པའི་རྩེ་རིམ་ཚོང་ཁང་ཉི་ཤུ་ལྷག་གིས་མངག་ཉོ་བྱས་པ་དང་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད ”ཅེས་སྒྲོལ་མ་སྐྱབས་ཀྱིས་དེ་ལྟར་བརྗོད།

“ནོར་ཁུལ་ནི་སྤྱིར་བཏང་གི་ལུག་བལ་ལས་དྲོན་པོ་ཡིན་ལ་འཇམ་པོའང་ཡིན་པས། ནོར་ཁུ་ཡིས་བཟོས་པའི་ཞྭ་མོ་ཞིག་སྒོར500ཐ་ན་སྟོང་ལ་འཚོང་ཐུབ”ཅེས་ཨ་མཆོག་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་སངས་རྒྱས་རྒྱལ་གྱིས་དེ་ལྟར་བརྗོད། ཁོང་གིས་ང་ཚོས་རིམ་བཞིན་ཐིག་དྲས་དང་ཚེམ་པ་སོགས་ཀྱི་ལག་རྩལ་གསོ་སྦྱོང་སྤེལ་ཏེ་མང་ཚོགས་རང་གི་སྒོ་ཁ་ནས་ལས་ཞུགས་བྱེད་པ་དང་ཡོང་འབབ་བརྟན་བརླིང་ཡིན་པར་སྣེ་ཁྲིད་བྱ་རྒྱུ་ཡིན་ཟེར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།