ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ཀན་ལྷོ་ཁུལ་གྱི་འབྲུ་རིགས་སྤྱིའི་ཐོན་འབབ་ཚོད་དཔག་ལྟར་ན་ཏུན་ཁྲི12.59ལ་སླེབས་སྲིད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་འབྲུ་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། མུ་མཐུད་དུ་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་འདེགས་སུ་བཏང་ཞིང་། ཚོད་དཔག་ལྟར་ན2023ལོར་ཁུལ་ཡོངས་ཀྱི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི72.2ལ་སླེབས་པ་དང་། ན་ནིང་ལས2.4%འཕར་ཡོད། འབྲུ་རིགས་སྤྱིའི་ཐོན་འབབ་ཏུན་ཁྲི12.59ལ་སླེབས་ནས། ན་ནིང་ལས3.8%འཕར་བ་དང་། ཞིང་ཆེན་དང་ཁུལ་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས།

རྨོ་ཞིང་རྒྱ་ཁྱོན་དང་རྨོ་འདེབས་རྒྱ་ཁྱོན། འབྲུ་རིགས་ཐོན་འབབ་བཅས་མི་ཆག་པ་གསུམ་གྱི་བླང་བྱ་ལྟར། འབྲུ་རིགས་ཐོན་སྐྱེད་བྱེད་ཐབས་དང་ལས་འགན། དམིགས་ཚད་བཅས་དུས་ལྟར་རྫོང་དང་གྲོང་ཁྱེར་སོ་སོར་བགོས་ནས། རྒྱུད་བཟང་ཐབས་བཟང་ཆ་སྡེབ་དང་ཞིང་འཕྲུལ་ཞིང་རྩལ་མཉམ་འདྲེས་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་ཇུས་འགོད་དང་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ལ། མུ་མཐུད་དུ་འབྲུ་རིགས་ལོ་ཏོག་གི་གནད་འགག་ལག་རྩལ་ཁྱབ་གདལ་ལ་ཤུགས་བསྣན་ནས། ཁུལ་ཡོངས་ཀྱི་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་བཏང་།

ས་རྒོད་དེ་རྨོ་ཞིང་དུ་བསྒྱུར་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་བར་སྟོང་མཐོར་འདེགས་སུ་གཏོང་བའི་རྩ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། ཟིན་བཀོད་ཀྱི་ས་རྒོད་ལས་གཞན་པའི་ས་སྟོང་ཞིབ་བཤེར་ལ་ཤུགས་བསྣན་ནས་མུ་མཐུད་དུ་ས་རྒོད་བཅོས་སྐྱོང་ལས་དོན་ལ་ཤུགས་བསྣན། མིག་སྔའི་བར་དུ། ཁུལ་ཡོངས་ཀྱིས་བསྡོམས་པས་ས་རྒོད་མུའུ་ཁྲི0.87ཞིབ་བཤེར་བྱས་པ་དང་། ས་ཞིང་བརྒྱུད་སྤྲོད་དང་ཤ་ཉེས་ཚབ་འདེབས་སོགས་ཀྱི་རྣམ་པས་ས་རྒོད་བཅོས་སྐྱོང་བྱས་ཏེ། མིག་སྔར་ཚང་མ་བཅོས་སྐྱོང་ལེགས་འགྲུབ་བྱས་ཡོད།

སྔ་རྗེས་སུ་ཀན་ཆིན་མ་ལག་གི་ནས་སོན་གསར་བ་གསོ་སྐྱོང་བྱས་ཏེ་མུ་མཐུད་དུ་འདེབས་རྒྱ་ཇེ་ཆེར་བཏང་ཞིང་། དེའི་ནང་རྒྱལ་ཡོངས་འབྲུ་སྲན་རིགས་ཀྱི་ཞིབ་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཚོགས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་ནས་མིང་བཏགས་པའི་ནས་རིགས7ཡོད་པ་དང་། དེས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཞིབ་བཤེར་གཏན་འབེབས་རིགས་སྣའི78%ཡན་ཟིན་ཡོད།2023ལོར་ཁུལ་དང་རྫོང་གིས་མ་དངུལ་སྒོར་ཁྲི1698བཏང་ནས། བ་ཙེ་དང་ཅོ་ནེ། བསང་ཆུ། ཀླུ་ཆུ། ཐེ་བོ་བཅས་ཀྱི་རྫོང་ཁག་ཏུ་ནས་རིགས་གསོ་སྤེལ་རྟེན་གཞི་མུའུ་ཁྲི5.5ཡན་གསར་འཛུགས་བྱས་ཡོད།

ཕྱོགས་ཡོངས་ནས་རྨོ་འདེབས་ས་ཞིང་གི་སྲུང་སྐྱོང་ཁ་གསབ་དང་འབྲུ་འདེབས་ཞིང་བར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་དངོས་འབེབས་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ཞིང་བའི་འབྲུ་འདེབས་ཀྱི་ཧུར་བརྩོན་རང་བཞིན་མཐོར་འདེགས་སུ་བཏང་། ལོ་ཧྲིལ་བོའི་རྨོ་འདེབས་ས་ཞིང་གི་སྲུང་སྐྱོང་ཁ་གསབ་སྒོར་ཁྲི3066དང་འབྲུ་འདེབས་ཞིང་བར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྒོར་ཁྲི700དངོས་འབེབས་བྱས་པའི་རྨང་གཞིའི་སྟེང་། ནས་རིགས་ཐོན་འབབ་ཇེ་མཐོར་གཏོང་བའི་ལས་གཞིའི་མ་དངུལ་དང་ནས་རིགས་གཞི་ཁྱོན་འདེབས་འཛུགས་ཀྱི་ཐོན་འབབ་མཐོར་འདེགས་གཏོང་བའི་ལས་གཞིའི་མ་དངུལ་བརྩོན་ལེན་བྱས་ཏེ། ཅོ་ནེ་དང་བ་ཙེ་རྫོང་དུ་སོ་སོར་ལག་བསྟར་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།