ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་དུ་སྦྲག་སྲིད་དང་དངུལ་ཁང་གིས་གྲོང་གསེབ་དར་སྤེལ་ལ་གཞོགས་འདེགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་གི་གཏིང་དུ་ཆགས་པའི་ཐེ་བོ་རྫོང་གཡི་བ་གྲོང་རྡལ།རི་ཀླུང་དུ་དབུས་སུ་གནས་པའི་བྲག་སྒམ་ནང་གྲོང་ཚོའི་མཐའ་འཁོར་གྱི་རི་རྒྱུད་ངོ་མཚར་ལྡན་ཞིང་སྨུག་སྤྲིན་གྱིས་བཏིམས་ནས་རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་ཞིག་ཡིན་པས། ས་ཆ་སོ་སོ་ནས་ཡོང་བའི་ཡུལ་སྐོར་པའི་ཡིད་སེམས་དབང་མེད་དུ་བཀུགས་ཡོད། 

1.png

རི་ཚོགས་ཀྱིས་བསྐོར་བའི་བྲག་སྒམ་ནང་གི་མཛེས་ལྗོངས།

བྲག་སྒམ་ནང་གྲོང་ཚོའི་རང་བྱུང་ཡུལ་ལྗོངས་མཛེས་ཀྱང་རི་བོ་ཆེ་ལ་ལུང་བ་ཟབ་པས། ལོ་ངོ་བཅུ་ཕྲུག་གི་སྔོན་ལ་ས་གནས་མང་ཚོགས་ཀྱིས་གཙོ་བོ་རི་མཐོའི་རྩྭ་ཐང་ནས་ཕྱུགས་འཚོས་ནས་འཚོ་བ་རོལ་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་བཅོས་སྐྱོང་རྨང་གཞི་དང་རིག་གནས་ནང་དོན་བཟུང་ནས་ཤུགས་ཆེན་པོས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་། བྲག་སྒམ་ནང་དུ་ཐེ་བོ་རྫོང་གིས་ཞིང་ཕྱུགས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བརྒྱུད་ཞིང་ཕྱུགས་ཐོན་རྫས་ཡུལ་སྐོར་ཐོན་རྫས་སུ་སྒྱུར་བ་དང་། བོད་ཁྱིམ་ཁྱད་ལྡན་བཟོ་བཀོད་ཡུལ་སྐོར་སྒྲིག་ཆས་སུ་བཏང་ནས་མི་རྣམས་ཀྱིས་ཁྱད་ལྡན་ཞིང་ཁྱིམ་སྤྲོ་གསེང་གླིང་དང་ཁྱིམ་ཚང་མགྲོན་ཁང་འཛུགས་པར་སྐུལ་སློང་གིས་ཡུལ་སྐོར་ཁེ་བཟང་དེ་མང་ཚོགས་སྔར་ལས་མང་པོར་ཕན་ཐོགས་སུ་བཅུག །  

 2.png

ཆར་རྗེས་ཀྱི་བྲག་སྒམ་ནང་སྲིད་འཛིན་གྲོང་ཚོ།

བྲག་སྒམ་ནང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན། ས་གནས་མང་ཚོགས་ཀྱིས་ཁྱིམ་ཚང་མགྲོན་ཁང་དང་ཞིང་ཁྱིམ་སྤྲོ་གསེང་གླིང་གཉེར་མགོ་བརྩམས། གྲོང་མི་དབང་ཆེན་ནོར་རྒྱལ་ཚང་ལ་མགྲོན་ཁང་ཅན31ཡོད་པ་དང་། ཁོས“ད་ལྟ་ཡུལ་སྐོར་པས་མགྲོན་ཁང་གི་ཆ་རྐྱེན་ལ་རེ་བ་ཆེན་པོ་འདོན་བཞིན་ཡོད་པས། གྲོང་མི་ཚོས་མགྲོན་ཁང་རྒྱ་ཇེ་ཆེར་གཏོང་ཞིང་སླར་གསོ་བྱེད་འདོད་ཀྱང་། མ་དངུལ་དགོས་མཁོ་དེ་གྲོང་མི་ཚོའི་ཕྱུག་འགྱུར་ལམ་བུའི་ཁྲོད་ཀྱི་བཀག་རྡོ་ལྟ་བུ་གྱུར་ཡོད”ཅེས་ཟེར།

ང་ཚོ་དངུལ་ཁང་གི་ལས་དོན་མི་སྣ་དང་ཐེ་བོ་རྫོང་སྦྲག་སྲིད་ཡན་ལག་ཀུང་སིའི་ལས་དོན་མི་སྣ་མཉམ་དུ་བཅར་འདྲི་ལ་འགྲོ་སྐབས། བྲག་སྒམ་ནང་གྲོང་ཚོའི་གྲོང་མི་ཚོར་མ་དངུལ་དགོས་མཁོ་ཡོད་པ་རྟོགས་རྗེས། མྱུར་དུ་གྲོང་ཨུ་ལྷན་ཚོགས་དང་འབྲེལ་གཏུག་བྱས་ནས་དངུལ་བསྡུ་ཇུས་འགོད་བཀོད་པ་ཡིན”ཞེས་སྦྲག་སྲིད་དངུལ་ཁང་འབྲུག་ཆུ་རྫོང་ཡན་ལག་དངུལ་ཁང་གི་ཧང་ཀྲང་ཕའོ་ལོན་གྱིས་དེ་ལྟར་བརྗོད། སྦྲག་སྲིད་དངུལ་ཁང་གི་ཧུར་ཐག་ཞབས་ཞུ་འོག་ཏུ་ད་ལོའི་ཟླ3པར་གྲོང་ཚོ་དེ་ཡིད་རྟོན་གྲོང་ཚོར་བདམས་ཤིང་། གྲོང་མི་ཚོས་བདེ་བླང་ངང་ཡིད་རྟོན་གྲོང་ཚོའི་དངུལ་བུན་བླངས་པ་དང་། མ་དངུལ་ཡོད་པས་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་གཏོང་དཀའ་བའི་དཀའ་ཁག་ཡོངས་སུ་སེལ་པ་རེད།

3.png

སྦྲག་སྲིད་དངུལ་ཁང་གི་ལས་དོན་མི་སྣས་དབང་ཆེན་ནོར་རྒྱལ་ཚང་གི་ཁྱིམ་ཚང་མགྲོན་ཁང་ལ་ལྟ་བཞིན་པ།

སྦྲག་སྲིད་དངུལ་ཁང་གི་མ་དངུལ་རྒྱབ་སྐྱོར་གྱིས་གྲོང་མི་སྔར་ལས་མང་པོར་ཡུལ་སྐོར་ལས་རིགས་གཉེར་བའི་མ་དངུལ་ཡོད་པ་མ་ཟད། གྲོང་མི་ཚོར་ཚོང་གཉེར་གཞི་ཁྱོན་ཇེ་ཆེར་གཏོང་བའི་སྤོབས་པ་ཡང་ལྡན་པར་གྱུར། ཡུལ་སྐོར་པ་ཇེ་མང་དུ་སོང་བ་དང་བསྟུན་བྲག་སྒམ་ནང་ལྗོངས་ཁུལ་གྱི་ཁྱིམ་ཚང་མགྲོན་ཁང་དང་ཞིང་ཁྱིམ་སྤྲོ་གསེང་གླིང་ཡང་ཇེ་མང་དུ་སོང་། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་མུ་མཐུད་དུ་འཐུས་ཚང་དུ་གྱུར་ནས་གྲོང་མིའི་ཡོང་འབབ་བརྟན་བརླིང་ངང་འཕར་ནས་རྣམ་པ་ལེགས་སུ་ཕྱིན།   

4.png

དབང་ཆེན་ནོར་རྒྱལ་གྱིས་སྦྲག་སྲིད་དངུལ་ཁང་གི་ལས་དོན་མི་སྣར་གྲོང་ཚོའི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

“ཀན་ལྷོའི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བས། ང་ཚོས་སྦྲག་སྲིད་དྲ་ཚིགས་མང་ཞིང་ཞབས་ཞུའི་ཚངས་ཕྱེད་རྒྱ་ཆེ་བའི་ལེགས་ཆ་བརྟེན་ནས། སྦྲག་སྲིད་དང་དངུལ་ཁང་མཉམ་འབྲེལ་གྱིས་ཀུན་ཕན་དངུལ་རྩ་ཞབས་ཞུ་ལ་སྐུལ་འདེད་བཏང་བས། རྫོང་ཁོངས‘ཞིང་གསུམ’ཁྲོམ་རའི་ཁྱོན་ཚད་དང་ཟབ་ཚད”ཇེ་ཆེར་བཏང་ཞེས་སྦྲག་སྲིད་དངུལ་ཁང་ཀན་ལྷོ་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་ཧང་ཀྲང་གཞོན་པ་ཝང་ཅེན་གྱིས་དེ་ལྟར་བརྗོད། ཉེ་བའི་ལོ་འགའི་རིང་ལ་སྦྲག་སྲིད་དངུལ་ཁང་ཀན་ལྷོ་ཁུལ་ཡན་ལག་དངུལ་ཁང་གིས“གྲོང་རྡལ་དང་དམངས་ལ་ཕན་ཐོགས་པའི”འདུ་ཤེས་ཀྱིས་ཀུན་ཕན་དངུལ་རྩ་ཞབས་ཞུའི་གྲོང་གསེབ་དར་སྤེལ་རྒྱུན་མཐུད་འཕེལ་རྒྱས་ལམ་བུ་བརྩོན་པས་འཚོལ་ཞིབ་བྱས་པ་དང་། རྒྱུན་མཐུད་ཞིང་ཕྱུགས་གྲོང་ཚོའི་ཞབས་ཞུ་བགྲོད་ལམ་རྒྱ་བསྐྱེད་དང་དངུལ་རྩའི་ཤེས་བྱ་ཁྱབ་གདལ་བརྒྱུད། ཡིད་རྟོན་དངུལ་བུན་གཏོང་ཚད་ཆེ་རུ་བཏང་ནས་དོན་དངོས་བྱ་སྤྱོད་ཀྱིས་ཕྱོགས་ཡོངས་ནས་ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་བཏང་།  

བསང་ཆུ་རྫོང་དུ་གནས་པའི་བསང་ཁོག་ཞང་གི་དཔལ་འབྱོར་འབྱུང་ཁུངས་གཙོ་བོ་ཕྱུགས་ལས་ཡིན་པ་དང་། དེ་རུ་འབྲི་གཡག་དང་མཛོ་མོ། བོད་ལུག་སོགས་ཡོད་པས། མིག་སྔར་ཡིད་རྟོན་གྲོང་ཚོའི་ཁྱབ་ཚད་བརྒྱ་ཆའི་བརྒྱ་ཟིན་པ་རེད། 

རྒྱུས་ལོན་ལྟར་ན། ཟླ3ནས་བཟུང་དངུལ་ཁང་གིས་བསང་ཁོག་གྲོང་རྡལ་གྱི་དངུལ་རྩའི་ཞབས་ཞུ་ལ་ཤུགས་བརྒྱབ་ནས། རུ་མང་གྲོང་ཚོ་དེ་སྦྲག་སྲིད་དང་དངུལ་ཁང་གིས་མཉམ་དུ་སྐྲུན་པའི་ཡིད་རྟོན་དང་ལེན་གྲོང་ཚོ་ཧྲིལ་བོ་དང་ཚོད་ལྟ་གྲོང་ཚོར་བདམས་ནས་ཟླ8པའི་ཟླ་མཇུག་བར་དུ་དངུལ་ཁང་དེས་བསང་ཁོག་གྲོང་རྡལ་དུ་བསྡོམས་པས་དངུལ་བུན་སྐོར172བཏང་བ་རེད།  

ཝང་ཅན་གྱིས“རྗེས་མར། སྦྲག་སྲིད་དངུལ་ཁང་ཀན་ལྷོ་ཡན་ལག་དངུལ་ཁང་གིས་མུ་མཐུད་དུ་གཙོ་འགན་ཁུར་ནས། དངུལ་རྩའི་རྒྱབ་སྐྱོར་གྱིས་ཀུན་ཕན་དངུལ་རྩའི་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་བ་འཚོལ་ཞིབ་བྱས་ནས། ཀུན་ཕན་ཁྱབ་ཁོངས་སུ་ཞིབ་ཚགས་ཀྱིས་དངུལ་རྩས་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པར་དངུལ་ཁང་གི་སྟོབས་ཤུགས་འབུལ་རྒྱུ་ཡིན”ཞེས་བརྗོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།