ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་བོད་སྡེས་ཡུལ་སྐོར་ལ་བརྟེན་ནས་དཔལ་འབྱོར་དར་སྤེལ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་། ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པ་ཀན་སུའུ་ཞིང་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟག་དཔྱད་དུ་བསྐྱོད་པའི་གཅིག་བསྡུས་བཅར་འདྲི་ཚོགས་པ་དང་མཉམ་དུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཕྱིན་ནས། མི་རིགས་ཁྱད་ཆོས་ལྡན་པའི་རབ་མཛེས་གྲོང་གསེབ་ལ་དགའ་བསུ་ཆེན་པོ་ཐོབ་བཞིན་པ་རྒྱུས་ལོན་བྱུང་བ་དང་། ལྷག་པར་དུ་སྤུས་ཚད་མཐོ་ཞིང་ཞབས་ཞུ་ཡག་པའི་བོད་ཁྱིམ་དང་ཞིང་ཁྱིམ་མགྲོན་ཁང་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། མགྲོན་ཁང་དེ་རིགས་ཀྱི་ཞག་མ་གཅིག་གི་རིན་གོང་སྒོར་སྟོང་ལྷག་ཡིན་ཡང་ངེས་པར་དུ་གཟའ་འཁོར་གཅིག་གི་སྔོན་ལ་མངག་ཉོ་བྱེད་དགོས་པའི་ཚད་ལ་སླེབས་ཡོད། ཐ་ན་ཡུལ་སྐོར་པ་ལ་ལས་ཡུལ་སྐོར་པ་ཅུང་ཉུང་བའི་གནས་བདམས་ཀྱང་མགྲོན་ཁང་དུ་མི་བཀང་བའི་བརྡ་བཏང་ཡོད་པས་ཡུལ་སྐོར་པ་ཤིན་ཏུ་མང་བ་མཚོན་ཡོད། 

1.jpg

  འདི་ནི་བཅར་འདྲི་ཚོགས་པ་ཀན་ལྷོ་ཁུལ་དུ་བསྐྱོད་དེ་བོད་ཁྱིམ་མགྲོན་ཁང་གི་སྐོར་བཅར་འདྲི་བྱེད་བཞིན་པའི་ཚུལ་རེད།

སྙིང་ལྕགས་ཐར་ནི་སྔོན་ཆད་ཟོག་འདྲེན་ཁ་ལོ་བ་ཞིག་ཡིན་ལ། ཉེ་བའི་ལོ་འགའི་རིང་གྲོང་གསེབ་ཡུལ་སྐོར་ཤིན་ཏུ་དར་ཞིང་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པ་དང་བསྟུན། ཁོང་གིས་ཀྱང་རྒྱལ་ལམ་འགྲམ་གྱི་རང་གི་ཁྱིམ་ཚང་ནས་བོད་ཁྱིམ་གླིང་ཞིག་ཕྱེས་ཤིང་། དེ་ནང་བོད་ཟས་དང་ཞག་སྡོད། བོད་ཀྱི་དམངས་སྲོལ་རོལ་མྱོང་གཞི་གཅིག་ཏུ་འདུས་པ་མ་ཟད། ཞག་སྡོད་སྟེགས་བུ་ཆེ་ཆུང་དུ་བརྡ་ཁྱབ་བསྒྲགས་པས་ཕྱོགས་ཡོངས་ནས་ཡུལ་སྐོར་ཞབས་ཞུ་ཆ་ཚང་བཏོད་དེ་ཡུལ་སྐོར་པ་མང་པོའི་ཡིད་དབང་བཀུགས་ཡོད།

སྒྲིག་བཟོ་མཛེས་པའི་བོད་ཀྱི་ཐོག་ཁང་ཉིས་བརྩེགས་ཅན་དང་། ཁོད་ཡངས་པའི་ཚོམས་ཁང་། བོད་ཀྱི་བཟོ་བཀོད་ཀྱིས་ཡོངས་སུ་བརྒྱན་པ། ལེགས་བཅོས་བྱས་པའི་བོད་ཀྱི་མངར་ཟས་སོགས་ནི་ཡུལ་སྐོར་པ་སྔར་ལས་མང་པོ་ཞིག་གིས་མགྲོན་ཁང་དེ་དག་གདམ་གསེས་བྱེད་པའི་ཆ་རྐྱེན་ཐོག་མར་གྱུར། སྙིང་ལྕགས་ཐར་གྱིས་ངོ་སྤྲོད་ལྟར་ན། གྲོང་ཚོ་ཆགས་སར་མངོན་གསལ་གྱི་ལེགས་ཆ་ལྡན་ཞིང་གྲོང་ཚོའི་འགྲམ་རྒྱུད་ཀྱི“མེ་ཏོག་གི་རྒྱ་མཚོ·ཞིང་ཁུལ·བོད་ཁྱིམ”བཅས་ཀྱི་ལམ་ཐིག་ཡོད་པས། ཀན་ལྷོ་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དུས་ཆེན་གལ་ཆེན་སོགས་ལ་བརྟེན་ནས་ཡུལ་སྐོར་པ་ཡང་མང་པོ་ཞིག་གནས་དེར་སླེབས་ཡོད་ཟེར།

ད་ལོར། དར་གོས་འགྲུལ་ལམ་ཁོངས་ཡོངས་སུ་བརྒྱུད་པའི་ཀན་སུའུ་ཞིང་ཆེན་དུ། དྲ་འབར་མང་པོ་འཛོམས་སའི་ཏུན་ཧོང་དང་ལན་ཀྲོའུ་སོགས་ཀྱི་ལྗོངས་ཁུལ་སོ་སོའི་པ་སེ་ཉོ་དཀའ་བའི་གནས་ཚུལ་བྱུང་། ལྷག་པར་དུ70%རིག་གནས་ཡུལ་སྐོར་ཐོན་ཁུངས་གྲོང་གསེབ་དུ་འདུས་པའི་ཞིང་ཆེན་དེས། རི་ཀླུང་དང་མི་རིགས་གྲོང་ཚོ་རུ་གཅིག་བསྡུས་ཇུས་འགོད་དང་མཛེས་སྤྲས་བྱས་པས་ཡུལ་སྐོར་པ་སྔར་ལས་མང་པོ་བསུས་ཡོད། 

སྙིང་ལྕགས་ཐར་ཡོད་སའི་གྲོང་ཚོ་དེ་ནི་ཀྲུང་གོའི་གྲོང་གསེབ་ཡུལ་སྐོར་གྱི་བསྡུས་གཟུགས་ཤིག་ཡིན་ལ། རབ་མཛེས་གྲོང་གསེབ་འཛུགས་སྐྲུན་གྱིས“རབ་མཛེས་དཔལ་འབྱོར”དར་སྤེལ་བཏང་ཡོད། ཀྲུང་གོའི་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2022ལོར་ཀྲུང་གོའི་གྲོང་གསེབ་སྤྲོ་གསེང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར7000ལས་བརྒལ་ཞིང་། ལས་ཞུགས་མི་སྣ་ཁྲི1100ཡན་རྒྱུན་འཁྱོངས་བྱས་ནས། གྲོང་གསེབ་སྤྲོ་གསེང་ཡུལ་སྐོར་གྱིས་ཞིང་ཁྱིམ་ཁྲི900ལྷག་འཕེལ་རྒྱས་བཏང་ཡོད།

2.jpg

འདི་ནི་ཀན་ལྷོ་ཁུལ་གྱི་བོད་སྡེའི་ཞིག་གི་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲང་ངོས་རྣམ་པ་རེད།

ཅོ་ནེ་རྫོང་རིག་གནས་ཡུལ་སྐོར་ལྟེ་གནས་ཀྱི་ཀྲུའུ་རེན་དབྱང་ཧོ་ཡིས་བཤད་རྒྱུར། ཏཱ་ཡུས་ལུང་ཁུག་ལྗོངས་ཁུལ་རིམ་སྤར་སྒྱུར་བཅོས་བྱས་རྗེས་ད་ལོའི་ཟླ6པར་རྣམ་པ་གསར་བའི་ངང་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་དང་ཚད་གཞི5Aརིམ་པར་སླེབས་ཡོད། མིག་སྔར་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་མི་ཐེངས་ཁྲི8སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི500ཡས་མས་ཟིན་ཡོད། མཐའ་འཁོར་གྲོང་མི་ཚོས་ཀྱང་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་ཁེ་ཕན་ཐོབ་པ་དང་། ཁོ་ཚོས་ཡང་ན་ཁྱིམ་ཚང་མགྲོན་ཁང་ཕྱེས་ཡོད་ལ། ཡང་ན་ཚོང་རྒྱག་བཞིན་ཡོད་པས་ཞིང་ལས་ཐོན་རྫས་ལ་ལ་ཡང་གོ་སྐབས་དེར་བསྟུན་ནས་ཕྱི་རོལ་དུ་འཚོང་བཞིན་ཡོད་ཟེར།

ཀན་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཧི་ཞའོ་ཙུའུ་ཡིས་ཡུལ་སྐོར་པ་ལ་ཡུལ་སྐོར་ལམ་ཐིག་རྩེ་གྲ་ངོ་སྤྲོད་བྱེད་སྐབས་བརྗོད་པ་བཞིན། ཀན་སུའུ་ལྷོ་ཕྱོགས་སུ་ཡོད་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ལིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ་དུ་བསྐྱོད་ན། དུས་ཚིགས་འདིར་ཡང་ལྭ་ཅུང་མཐུག་པོ་ཁྱེར་དགོས་ལ། དེ་རུ་ས་གནས་ཀྱི་ཁྱད་ལྡན་རིག་གནས་རོལ་མྱོང་བྱེད་ཐུབ་པ་མ་ཟད་རབ་མཛེས་ཡུལ་ལྗོངས་ལ་ཡང་བལྟ་ཐུབ་ལ། གཞན་ཡང་ནུབ་བྱང་ས་ཁུལ་གྱི་ཁྱད་ལྡན་མངར་ཟས་ལ་རོལ་མྱོང་བྱེད་ཐུབ་ཟེར། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།