ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཟླ11པའི་ཚེས26ཉིན་ནི་འཛམ་གླིང་གི་རྒྱུན་སྲིང་འགྲིམ་འགྲུལ་སྐྱེལ་འདྲེན་ཉིན་མོར་གཏན་ཁེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཚེས་བཅུ་དྲུག་ཉིན་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། ལོ་རེའི་ཟླ11པའི་ཚེས26ཉིན་མོ་དེ་འཛམ་གླིང་གི་རྒྱུན་སྲིང་འགྲིམ་འགྲུལ་སྐྱེལ་འདྲེན་ཉིན་མོ་རུ་གཏན་ཁེལ་བྱས།

གྲོས་ཆོད་དེ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཡོངས་དང་། མཉམ་འབྲེལ་རྒྱལ་ཚོགས་མ་ལག་གི་རྩ་འཛུགས་སོ་སོ། རྒྱལ་སྤྱི་དང་ས་ཁོངས་ཀྱི་རྩ་འཛུགས། དམངས་ཁྲོད་སྤྱི་ཚོགས་སོགས་གདན་དྲངས་ནས་འཛམ་གླིང་གི་རྒྱུན་སྲིང་འགྲིམ་འགྲུལ་སྐྱེལ་འདྲེན་ཉིན་མོར་དྲན་གསོ་ཞུ་རྒྱུ་དང་། སློབ་གསོ་གཏོང་བ་དང་བྱེད་སྒོ་སྤེལ་བ་བརྒྱུད་དེ། མང་ཚོགས་ཀྱི་རྒྱུན་སྲིང་འགྲིམ་འགྲུལ་སྐྱེལ་འདྲེན་གནད་དོན་ཐད་ཀྱི་ངོས་འཛིན་ཇེ་མཐོར་གཏོང་བ་དང་། ཁོར་ཡུག་མཛའ་མཐུན་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལ་ཡར་སྐུལ་བྱེད་པ། སྤྱི་ཚོགས་དཀྱེལ་ཡངས་རང་བཞིན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྨང་གཞིའི་ཆས་འཕེལ་རྒྱས་སུ་གཏོང་བ་བཅས་བྱ་རྒྱུའི་གྲོས་གཞི་བཏོན་ཡོད།

གྲོས་ཆོད་དེ་ལས་རྒྱུན་སྲིང་ཡིན་པ་དང་། བཙོག་རྫས་ཕྱིར་འབུད་ཚད་ཉུང་བ། ཕན་འབྲས་མཐོ་བ་བཅས་ཀྱི་སྐྱེལ་འདྲེན་བྱེད་ཐབས་བཅས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་བསྟུན་པ་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཐོན་པའི་བྱས་རྗེས་ནན་གྱིས་བསྟན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་རྩ་འཛུགས་སོ་སོ་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག རྒྱལ་སྤྱི་དང་ས་ཁོངས་ཀྱི་འབྲེལ་ཡོད་དངུལ་རྩ་ལས་ཁུངས། ཕྱོགས་མང་བོའི་ཞལ་འདེབས་འབུལ་མཁན། སྒེར་ཚོང་གཉེར་བའི་སྡེ་ཁག་བཅས་ཀྱིས་འགུལ་སྐྱོད་ཐད་མཐུན་སྦྱོར་བྱས་ཏེ། མཉམ་དུ་རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ནོར་སྲིད་དང་ལག་རྩལ་གྱིས་རོགས་འདེགས་བྱས་ནས། སྐྱེལ་འདྲེན་བྱེད་ཐབས་སྣ་ཚོགས་བར་གྱི་འབྲེལ་བར་ཤུགས་སྣོན་པ་དང་། རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་རྒྱུའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།