ཀྲུང་གོ་བོད་ཀྱི་དྲ་བ།

སི་ལོ་ཧྥ་ཁེའི་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ཧེ་ཀེ་ཨར་གྱིས་ལས་འགན་དགོངས་ཞུ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས7ཉིན། སི་ལོ་ཧྥ་ཁེའི་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ཧེ་ཀེ་ཨར་གྱིས་ཙུང་ཐུང་ཆ་ཕུའུ་ཐུའོ་ཝ་ལ་ལས་འགན་དགོངས་ཞུ་བྱེད་པའི་ཡི་གེ་ཕུལ་བ་ཁྱབ་བསྒྲགས་བྱས།

སི་ལོ་ཧྥ་ཁེ་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཆ་ཕུའུ་ཐུའོ་ཝ་ཡིས་ཉིན་དེར་ཁོང་གིས་སི་ལོ་ཝ་ཁེ་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གཞོན་པ་ལུའུ་ཏུའོ་ཝུའེ་ཐེ·ཨའོ་ཏོ་ཨེ་ལ་ཧེ་ཀེ་ཨར་གྱི་ལས་ཚབ་གནང་རྒྱུའི་བསྐོ་གཞག་གནང་ཞིང་། ནང་བློན་གྱི་མི་སྣ་གསར་པའི་མིང་ཐོ་ཟླ5པའི་ཚེས15ཉིན་གྱི་རྗེས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད། 

ཉེ་བའི་གཟའ་འཁོར་གཅིག་གི་ནང་། སི་ལོ་ཧྥ་ཁེ་ཞིང་ལས་པུའུ་ཡི་པུའུ་ཀྲང་ས་མུའུ་ཨེ་ཨར·ཧྥུ་ཨར་ཆ་ཨེན་གྱིས་རང་ཉིད་ལ་དབང་བའི་ཀུང་སི་ཞིག་ལ་ཡོ་སྒོར་ཁྲི140ཡི་ཁ་གསབ་དང་འབྲེལ་བ་ཡོད་སྟབས་ཚེས4ཉིན་ལས་འགན་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལ་སི་ཐི་སི་ལ་ཧྥུ·ཁ་ཚའེ་ཨར་གྱིས་ཚེས5ཉིན་ལས་འགན་དགོངས་ཞུ་བྱ་རྩིས་ཡོད་མོད། རྒྱུ་མཚན་ཅི་ཡིན་གསལ་བཤད་གནང་མེད་པ་རེད།

ན་ནིང་གི་ཟླ9པར་སི་ལོ་ཧྥ་ཁེ་རང་མོས་མཐུན་སྒྲིལ་ཏང་གིས་སྲིད་འཛིན་མནའ་འབྲེལ་ནས་ཕྱིར་འཐེན་བྱས་པས་སྲིད་འཛིན་མནའ་འབྲེལ་ལ་རྒྱལ་དམངས་གྲོས་ཚོགས་ཀྱི་གདན་ཐོབ་མང་པོ་ཐོབ་མེད་པ་རེད། ལོ་དེའི་ཟླ12པར་སི་ལོ་ཧྥ་ཁེའི་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱིས་སྲིད་གཞུང་ལ་ཡིད་ཆེས་མི་བྱེད་པའི་གྱོད་དོན་ལ་གྲོས་འཆམ་བྱུང་ཞིང་། ཆ་ཕུའུ་ཐུའོ་ཝ་ཡིས་སྲིད་གཞུང་མེད་པར་བཟོ་བའི་བཀའ་རྒྱའི་སྟེང་མིང་རྟགས་བཀོད་པ་དང་ཆབས་ཅིག་ཧེ་ཀེ་ཨར་ལ་ལྟ་སྲུང་སྲིད་གཞུང་ལ་མགོ་ཁྲིད་བྱེད་པའི་དབང་ཆ་སྤྲད་པ་རེད། འཆར་གཞི་ལྟར་ན་སི་ལོ་ཧྥ་ཁེ་ཡིས་ད་ལོའི་ཟླ9པའི་སྔོན་ལ་གྲོས་ཚོགས་བསྡུས་ཏེ་འདེམས་བསྐོ་བྱ་འཆར་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།