ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་གྱི་དྲག་ཆས་དམག་དཔུང་དམག་འཁྲུག་མཚམས་འཇོག་པའི་དུས་ཡུན་ཡང་བསྐྱར་ཉིན་བདུན་ལ་ཇེ་རིང་དུ་གཏོང་རྒྱུར་འཐད་པ་བྱུང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཞི་བའི་གྲོས་མོལ་ཐད་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་གསུམ་ཉིན་སུའུ་ཏན་རྒྱལ་ཁབ་ཀྱི་དྲག་ཆས་དམག་དཔུང་དེ་ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་དབྱི་ཅ་ཐི་ཞེས་པ་དེས་གྲོས་འགོ་བཏོན་པ་ལྟར། མིག་སྔའི་དམག་འཁྲུག་མཚམས་འཇོག་པའི་དུས་ཡུན་ཡང་བསྐྱར་ཉིན་བདུན་ལ་ཇེ་རིང་དུ་གཏོང་རྒྱུར་འཐད་པ་བྱུང་བ་དང་། དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཏེ་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་སོ་སོས་འཐུས་ཚབ་རེ་མངགས་ནས་དམག་འཁྲུག་མཚམས་འཇོག་པའི་གནད་དོན་ལ་གྲོས་སྡུར་བྱས་ཟེར།

དྲག་ཆས་དམག་དཔུང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སུའུ་ཏན་གྱི་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་གྲོས་འགོ་དེའི་ཐད་ནས་དཔྱད་བརྗོད་ཅི་ཡང་སྤེལ་མེད་ཟེར།

མིག་སྔའི་བར་དུ་སུའུ་ཏན་གྱི་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་དངོས་ནས་གྲོས་འགོ་དེར་དཔྱད་བརྗོད་ཅི་ཡང་སྤེལ་མེད།

སུའུ་ཏན་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་རྒྱལ་ས་ཁ་ཐུའུ་མུའུ་གྲོང་ཁྱེར་དཀྱིལ་དབུས་སུ་འཇབ་རྒོལ་བསླངས་ཏེ། ཉེན་རྟོག་ལྔ་བསད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ཚུལ་མཐུན་མིན་པའི་བྱ་སྤྱོད་དེར་རྒོལ་གཏམ་བཏང་བ་ཡིན་ཟེར།

གོང་གི་དོན་རྐྱེན་དེའི་ཐད་ནས་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་ཚེས་གསུམ་ཉིན་ལན་འདེབས་རྒྱུར། ཁོ་ཚོས་ཀྲུང་དབྱང་རྗེས་ཞབས་ཉེན་རྟོག་དམག་དཔུང་གི་ལྭ་བ་གྱོན་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ལ་རྒོལ་ལན་སྤྲད་དེ་ཕྱིར་བདའ་བ་དང་། དྲག་ཆས་སྟོབས་ཤུགས་དེས་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གི་ཁ་ཐུའུ་མུའུ་གྲོང་ཁྱེར་དཀྱིལ་དབུས་སུ་ཡོད་པའི་སྡོད་གནས་ཤིག་ལ་འཇབ་རྒོལ་བྱེད་རྩིས་བྱས་ཟེར། གསལ་བསྒྲགས་ནང་དུ་བཤད་རྒྱུར། རྒོལ་ལན་སྤྲོད་སྐབས་རླངས་འཁོར་ལྔ་འཕྲོག་པ་དང་། ཁྲབ་ལྡན་འཁོར་ལོ་བཞི་བརླགས་པར་མ་ཟད། སྐྱོན་ཞུགས་མེད་པའི་ཁྲབ་ལྡན་འཁོར་ལོ་ཞིག་ཀྱང་འཕྲོག་ཡོད་ཟེར།

ཁ་ཐུའུ་མུའུ་གྲོང་ཁྱེར་དུ་ཡོད་པའི་གནས་ཚུལ་དེ་མཐོང་མཁན་གྱིས་བཤད་རྒྱུར། འཁྲུག་རྩོད་དྲག་པོ་དེ་སྔ་དྲོ་ཧྲིལ་བོར་བརྒྱབ་སོང་ལ། ཙུང་ཐུང་བཞུགས་ཤག་གི་ཉེ་འདབས་སུ་ཡང་འགས་གཏོར་ཆེན་པོ་བྱུང་བར་མ་ཟད་དུ་བ་ལྷོག་ལྷོག་ཏུ་འཕྱུར་སོང་ཟེར།

དྲག་ཆས་དམག་དཔུང་གིས་ཚེས་གསུམ་ཉིན་བཤད་རྒྱུར། དྲག་ཆས་དམག་དཔུང་གི་དམག་སྤྱི་པུའུ་ཨར་ཧན་གྱིས་དེའི་སྔོན་ལ་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གི་མཚོན་ཆ་བསྐྱུར་ནས་མགོ་བཏེགས་པའི་མི་རྣམས་ལ་ཉེས་ཆད་གུ་ཡངས་སུ་གཏོང་བའི་བཀའ་བརྡ་བསྒྲགས་རྗེས། དམངས་དམག་འབོར་ཆེན་གྱིས་དམག་ལྭ་ཕུད་དེ་ཁ་ཐུའུ་མུའུ་གྲོང་ཁྱེར་ནས་ས་གཞན་ལ་བྲོས་སོང་ཟེར། དྲག་ཆས་དམག་དཔུང་གིས་ད་དུང་དེའི་སྔོན་ལ་གཡུལ་ས་དང་ཁ་འབྲལ་བའི་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གི་ཁོངས་མིའི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་ཡིན་ཞེས་བསྒྲགས་མྱོང་།

ཁེན་ཉི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ནེ་རོ་པེ་རུ་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་གསུམ་ཉིན་སུའུ་ཏན་གྱི་དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཀ་ཞི་བདེ་དང་འགྲིག་མཐུན་གྱི་ལམ་དུ་བསྐྱོད་རྒྱུའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཟས་རིགས་དང་བཏུང་ཆུ་གཙང་མ། གཞི་རྩའི་སྨན་རྫས་བཅས་དཀོན་པའི་རྐྱེན་གྱིས་སུའུ་ཏན་གྱི་མི་སེར་དག་གིས་དཀའ་ལས་ཆེན་པོ་མྱོང་བཞིན་ཡོད་ཟེར། ཁོས་དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཀྱི་མི་སྣས་ཉིན་བདུན་ལ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ཆེས་གསར་པ་བརྩི་སྲུང་བྱས་ཏེ། ཞི་བའི་གྲོས་མོལ་བྱེད་མགོ་རྩོམ་རྒྱུའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཀི་ལེ་ཧྥེ་སི་ཡིས་ཚེས་གསུམ་ཉིན་སུའུ་ཏན་གྲུ་ཁ་ནས་བཤད་རྒྱུར། ཁོའི་ལས་གྲོགས་ཚོས་སུའུ་ཏན་དུ་རོགས་སྐྱོར་དངོས་རྫས་སྟེར་རྩིས་ཡོད་མོད། ཡིན་ནའང་དེར་དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཀྱི་ཡོངས་བསྒྲགས་དང་མངོན་གསལ་གྱི་མི་ཆོས་རིང་ལུགས་སྲུང་སྐྱོབ་འགུལ་སྐྱོད་ཀྱི་དམ་བཅའ་བརྟན་པོ་མཁོ་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།