ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕ་ལེ་སི་ཐན་པ་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་བཞི་ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་དོན་རྐྱེན་གཉིས་ཀྱི་ཁྲོད་དུ་ཕ་ལེ་སི་ཐན་པ་བཞི་བསད་སོང་ཞེས་བཤད།

གནས་ཚུལ་དེ་མཐོང་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་ཉིན་དེར་ན་པུའུ་ལུའུ་སི་གྲོང་ཁུལ་རྙིང་བ་ནས་ཁང་བ་ཞིག་གི་མཐའ་བསྐོར་ཏེ་མེ་མདས་བརྒྱབ་པར་མ་ཟད་སྒྱོགས་མདེལ་མང་བོ་འཕངས་སོང་ཟེར། ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་ཁང་བ་དེའི་ནང་གི་མི་གསུམ་བསད་སོང་ཟེར།

དེ་ལས་གཞན་ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡི་གསལ་བསྒྲགས་ནང་དུ་ཕ་ལེ་སི་ཐན་གྱི་གཞོན་ནུ་མ་ཞིག་ལ་ཉིན་དེར་ན་པུའུ་ལུའུ་སི་ལྷོ་ཕྱོགས་ཀྱི་ཧུའུ་ཝ་ལཱ་གྲོང་རྡལ་ནས་དབྱི་སི་རལ་གྱི་དམག་གིས་མེ་མདས་བརྒྱབ་སྟེ་རྨས་རྗེས་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་བསྒྲགས་ཡོད། ས་དེའི་སྨྱན་སྦྱོར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། གཞོན་ནུ་མ་དེས་ལག་ཏུ་གྲི་བཟུང་ནས་དབྱི་སི་རལ་གྱི་དམག་མི་ཞིག་ལ་འཇབ་རྒོལ་བྱས་པ་དང་། མོར་དབྱི་སི་རལ་གྱི་དམག་གིས་མེ་མདས་བརྒྱབ་ནས་རྨས་རྗེས་སྨན་ཁང་དུ་བསྐྱལ་མོད། འོན་ཀྱང་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་ཚེ་ལས་འདས་ཟེར།

གཞན་ཡང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས་བཞི་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་ཉིན་དེར་ནཱ་པུའུ་ལུའུ་སི་གྲོང་ཁྱེར་རྙིང་བར་མ་ཐོན་པའི་སྔོན་དུ་དབྱི་སི་རལ་གྱི་མི་ལ་འཇབ་རྒོལ་བྱས་པའི་འཇིགས་སྐུལ་མི་སྣ་འཛིན་བཟུང་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། དབྱི་སི་རལ་གྱི་དམག་གིས་འགུལ་སྐྱོད་ཁྲོད་ནས་འཇིགས་སྐུལ་མི་སྣ་གཉིས་དང་ཡུལ་དངོས་ནས་འཇིགས་སྐུལ་མི་སྣ་འགེབ་སྲུང་བྱེད་པའི་རོགས་པ་ཞིག་བཅས་བསད་པ་ཡིན་ཟེར།

ད་ལོར་ཕ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར། ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཡེ་ལུའུ་ས་ལུན་གྱི་ས་ཁུལ་མང་བོ་ནས་དབྱི་སི་རལ་གྱི་དམག་མི་དང་ཕ་ལེ་སི་ཐན་པའི་བར་དུ་འཁྲུག་རྩོད་བྱུང་བར་མ་ཟད་མི་སྣ་ཤི་རྨས་བཟོས། ཡེ་ལུའུ་ས་ལུན་ནས་ཀྱང་དབྱི་སི་རལ་གྱི་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་མང་བོ་བྱུང་། ཕ་ལེ་སི་ཐན་གྱིས་དབྱི་སི་རལ་བར་དུ་བདེ་འཇགས་ཁྱབ་ཁོངས་ནས་མཉམ་ལས་བྱེད་མཚམས་བཞག་པ་ཁྱབ་བསྒྲགས་བྱས་པ་དང་། དབྱི་སི་རལ་གྱིས་ཀྱང་ཕ་ལེ་སི་ཐན་པར་དམིགས་པའི་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།