ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རྒྱལ་གྱི་ལས་རིགས་ཁག་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བསྔགས་བརྗོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཔྱིད་རླུང་འཇམ་པོ་ལྡང་བ་དང་ལྷན་དུ། གོ་ལ་ཧྲིལ་པོའི་མིག་དབང་ཀྲུང་གོའི་ཚོགས་ཆེན་གཉིས་ལ་ཕྱོགས།

 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་འགོད་བྱས་ཡོད། མེས་རྒྱལ་ལ་སེམས་ཁུར་བྱེད་པའི་ཕྱིར་སྡོད་རང་མི་བ་དང་ཕྱི་ཁོངས་ཀྲུང་གོ་བ་བཅས་དང་། ཀྲུང་གོའི་ཁྲོམ་རར་མ་དངུལ་བཞག་པའི་ཕྱི་རྒྱལ་ཚོང་པ་ཡིན་ནའང་འདྲ། ཡང་ན་དུས་ཡུན་རིང་པོར་ཀྲུང་གོའི་འཕེལ་རྒྱས་ལ་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་མི་སྣ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གང་ཡིན་རུང་། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མ་འོངས་པའི་མདུན་ལྗོངས་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཚུལ་བསྟན།

ཐེ་ལན་གྱི་ཐེ་ཀྲུང་ཕྱིར་སྡོད་རང་མིའི་ཚོང་ལས་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཁོང་ཅིན་རུང་གིས“ཆབ་སྲིད་དར་དགོས་ན་དམངས་སེམས་དང་བསྟུན་དགོས། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་སུ་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་བསམ་སར་བསམ་བློ་གཏོང་བ་དང་། དམངས་ཀྱི་འདོད་སར་བྱ་བ་བསྒྲུབས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དེ་མིག་འབྲས་བཞིན་བརྩི་ཡོད”ཅེས་བཤད།

དབྱིན་ཇིའི་ཡུན་ནན་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་མའོ་ཀྲི་ཁྲེང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་མགོ་ཁྲིད་དེ་དབུལ་ནག་མེད་པར་བཟོ་བའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཅིང་། འཛམ་གླིང་གི་དབུལ་པོ་ཇེ་ཉུང་དུ་གཏོང་བའི་ལོ་རྒྱུས་དང་མིའི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་ངོ་མཚར་རྒྱུན་ཆད་མེད་པར་བཏོད་དེ། མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད་ཅེས་བཤད།

ཁེན་ནི་ཡའི་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཝུའུ་ཡིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་གོ་ལ་ཧྲིལ་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དེང་རབས་ཅན་ཞིག་རེད། ཨ་ཧྥེ་རི་ཁ་གླིང་ལ་དཔེ་བཞག་ནས་བཤད་ན། ཉེ་བའི་ལོ་ཤས་རིང་ཀྲུང་གོས་ལྷག་བསམ་རྣམ་དག་གིས་ཨ་ཧྥེ་རི་ཁར་ཞི་བདེ་དང་འཕེལ་རྒྱས་ཡོང་བར་རོགས་རམ་བྱས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ལ་དངོས་ཕན་བསྐྲུན་ཡོད། ཨ་ཧྥེ་རི་ཁའི་གྲོགས་པོ་མང་པོས། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ཀྱི་སྐུལ་འདེད་འོག ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྱང་རང་ཉིད་ཀྱི་རྒྱལ་ཚུལ་དང་ཟུང་འབྲེལ་བྱས་ནས་རང་ཉིད་ལ་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་གཏོད་ཡོད་ཅེས་བཤད།

 ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་རྒྱལ་ཡོང་བ་ནན་བཤད་བྱས་ཡོད། དེའི་ཐད་ཀྲུང་གོ་དང་ཚོང་ལས་འགྲོ་འོང་ཟབ་པའི་ཕྱི་རྒྱལ་གྱི་མ་དངུལ་འཇོག་མཁན་ལ་མྱོང་ཚོར་ཟབ་མོ་བྱིན་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སྐོར་གླེང་སྐབས། གོ་སྐབས་ནི་ཁོ་ཚོས་བཤད་ཐེངས་མང་བའི་ཐ་སྙད་ཅིག་རེད།

ཀེ་ལིང་ཧྥེང་ཉོ་ཚོང(ཧྲང་ཧའེ)ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་མའེ་ཧོ་ཏི·མ་ཧ་ཐ་ཡིས་ཟླ3པའི་ཟླ་དཀྱིལ་དུ་ཀྲུང་གོར་ལས་སྒོ་གཏོད་པའི་གྲོས་མོལ་བྱེད་པར་ཡོང་རྒྱུའི་འཆར་གཞི་བཀོད། ཁོས་ཀྲུང་གོས་ཐོན་སྐྱེད་བྱས་པའི་རླངས་འཁོར་གྱི་ལྷུ་ལག་ཆེ་ཆུང་དང་། ཉི་ནུས་གློག་རྫས་སོགས་ཐོན་རྫས་ཕྱི་རྒྱལ་དུ་འཚོང་བ་དང་། དེ་ནས་དབྱི་རན་གྱི་སྤུས་ལེགས་པའི་ཤིང་ཏོག་དང་གུར་གུམ་ལ་སོགས་པའི་ཚོང་ཟོག་ཀྲུང་གོར་འཁྱེར་ཡོང་གི་ཡོད་ཅེས་དང་། ཀྲུང་གོའི་དེང་རབས་ཅན་གྱི་ཆུ་ཚད་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་དེ། དཔེར་ན་རྨང་གཞིའི་སྒྲིག་བཀོད་ཐད་ཀྲུང་གོ་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ལས་ལྡབ་འགྱུར་གྱིས་ཡག་ཅེས་བཤད།

ཧྥུའུ་ཧྲི་སྤྱིན་ཤོག(ཀྲུང་གོ)མ་འཇོག་ཚད་ཡོད་ཀུང་སིའི་སྤྱི་འདོམས་ཐེན་ཀྲུང་ཅན་དབྱི་ཡིས་བཤད་རྒྱུར། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་དང་། མི་དམངས་ཀྱི་འཛད་སྤྱོད་ཆུ་ཚད་མཐོ་རུ་འགྲོ་བ། ཐོན་ལས་ཀྱི་རྨང་གཞི་སྔར་བས་ཇེ་བརྟན་དུ་འགྲོ་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད། དེས་ང་ཚོས་ཀྲུང་གོར་ལས་སྒོ་འཕེལ་རྒྱས་གཏོང་རྒྱུར་གོ་སྐབས་གལ་ཆེན་བསྐྲུན་ཡོད།

འཛམ་གླིང་ཐོག་དེང་རབས་ཅན་གྱི་མ་དཔེ་གཏན་འཁེལ་བྱས་པ་ཞིག་མེད་ལ། ཕྱོགས་བཞི་མཚམས་བརྒྱད་ལ་འཕྲོད་པའི་དེང་རབས་ཅན་གྱི་ཚད་གཞི་ཞིག་ཀྱང་མེད། རྒྱལ་སྤྱིའི་མི་སྣ་མང་པོ་ཞིག་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་དེང་རབས་ཅན་ཞེས་པ་ནི་ནུབ་ཕྱོགས་ཅན་ནོ་ཞེས་པའི་རྨོངས་དད་དེ་མེད་པར་བཟོས་ཏེ། མིའི་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱེད་པར་གདམ་ག་གསར་པ་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས།

དབྱིན་ཇིའི་མཁས་པ་གྲགས་ཅན་དང་ཀྲུང་གོའི་གནད་དོན་ཐད་ཀྱི་ཆེད་མཁས་པ་མ་ཏིང·ཡ་ཁེ་ཡིས་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བར་ལྡོག་རླབས་དྲག་པོ་འཕྲད་པ་དང་། ནུབ་ཕྱོགས་ཀྱི་དེང་རབས་ཅན་གྱི་ལམ་རྙིང་ལ་དཀའ་ཁག་འཕྲད་པའི་སྐབས་སུ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་དམངས་ལ་བདེ་སྐྱིད་བསྐྲུན་པར་སྣང་ཆེན་བྱེད་པ་དང་། སྤྱི་ཚོགས་འདྲ་མཉམ་མངོན་འགྱུར་ཡོང་རྒྱུར་གཞོལ་ནས་དེང་རབས་ཅན་གྱི་ཐབས་ལམ་གསར་པ་ཞིག་བཏོད་པའི་ངོས་འཛིན་བྱས།

ཧིན་རྡུ་ཉི་ཧོ་ལུའུ་སློབ་ཆེན་གྱི་ཕྱི་འབྲེལ་རིག་པའི་དགེ་རྒན་ཆེན་མོ་སི་ཝ་ལན·ཤིན་གེ་ཡིས་ཀྲུང་གོས་ལོ་བཅུ་ཕྲག་གི་དུས་ཚོད་བེད་སྤྱད་དེ་དཔལ་འབྱོར་བསྡོམས་འབོར་ལ་འཕར་སྣོན་ཆེན་པོ་བྱུང། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་ཆེ་བའི་ངོས་ནས་བལྟས་ན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རྒྱས་ཐབས་ལམ་དང་ཕུགས་འདུན་ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་སྒེར་གྱིས་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པར་ཕན་ཐོགས་ཡོད་ལ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཡང་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་།

ཨ་རིའི《གོ་ལ་ཧྲིལ་པོའི་ཐབས་ཇུས་ཆ་འཕྲིན》ཞེས་པའི་དུས་དེབ་ཁང་ཧྭ་ཧྲེང་ཏུན་ཡན་ལག་ཁང་གི་མགོ་འཛིན་ཝེ་ལེན·ཆུང་སི་ཡིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྲོད་ནས་ཉམས་མྱོང་བསྡུ་ལེན་བྱེད་པ་དེ། ནུབ་ཕྱོགས་དེང་རབས་ཅན་གྱི་ལམ་རྙིང་ཐོག་བསྐྱོད་པ་ལས་ཡག ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་སྟེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཉོ་ཚོང་དང་ཚོང་ལས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་སོགས་ནི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་བཅས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཚོན་ན་དཔྱད་གཞིར་འཛིན་ཆོག་པའི་དོན་སྙིང་ལྡན་ཞེས་ངོས་འཛིན་གནང་། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།