ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རན་ཙུང་ཐུང་གཞུང་ལས་ཁང་གིས་དབྱི་རན་གྱི་ཙུང་ཐུང་ལ་སོ་ཏི་ཨ་རབ་དུ་འཚམས་འདྲི་ཕེབས་རྒྱུའི་གདན་ཞུ་འཕྲིན་ཡིག་འབྱོར་བར་བཤད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : དངོས་སྦྱོང་སློབ་མ་ཚེ་རིང་མཚོས་བསྒྱུར།   སྤེལ་དུས། : 2023-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས19ཉིན། དབྱི་རན་ཙུང་ཐུང་གཞུང་ལས་ཁང་གི་ཆབ་སྲིད་ལས་དོན་ཐད་འགན་འཁུར་བའི་ཀྲུའུ་རེན་གཞོན་པ་མུའུ་ཧན་མཱོ་ཏུ·ཅ་མུའུ་ཞི་ཏི་ཡིས་བཤད་པ་ལྟར་ན། ཉིན་ཤས་སྔོན་ལ་དབྱི་རན་གྱི་ཙུང་ཐུང་ལའེ་ཞི་ལ་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལུ་མན་གྱིས་སོ་ཏི་ཨ་རབ་ལ་འཚམས་འདྲི་ཕེབས་རྒྱུའི་གདན་ཞུ་འཕྲིན་ཡིག་འབྱོར་བ་རེད།

ཅ་མུའུ་ཞི་ཏི་ཡིས་སྤྱི་འབྲེལ་སྨྱན་བྱད་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། སཱ་ལུ་མན་གྱིས་འཕྲིན་ཡིག་ནང“སྤུན་ཟླ་ལྟ་བུའི་རྒྱལ་ཁབ་གཉིས”ཀྱི་ཕྱི་འབྲེལ་སླར་གསོ་བྱུང་བར་འཐད་པ་བྱུང་ཞིང་ལའེ་ཞི་ལི་ཡ་ཏེར་འཚམས་འདྲི་ཕེབས་པར་དགའ་བསུ་ཞུ་རྒྱུ་མ་ཟད། རྒྱལ་ཁབ་གཉིས་བར་དཔལ་འབྱོར་དང་ས་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་པར་རེ་འབོད་བྱས་ཡོད་ཟེར། ལའེ་ཞི་ཡིས་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལུ་མན་གྱིས་གདན་འདྲེན་ཞུས་པར་དགའ་བསུ་དང་དབྱི་རན་གྱིས་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་རྒྱུའི་ཐད་གྲ་སྒྲིག་ཡག་པོ་བྱས་ཡོད་ཅེས་ནན་གྱིས་བསྟན།

ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་འོག་སོ་ཏི་ཨ་རབ་དང་དབྱི་རན་གཉིས་ཟླ3པའི་ཚེས6ནས་ཚེས10བར་པེ་ཅིན་དུ་གྲོས་མོལ་གནང་བ་རེད།  ཚེས10ཉིན་སོ་ཏི་ཨ་རབ་དང་དབྱི་རན་གཉིས་ཀྱིས་པེ་ཅིན་གྲོས་མཐུན་བཞག་ཅིང་། ཀྲུང་གོ་དང་སོ་ཏི་ཨ་རབ། དབྱི་རན་བཅས་ཕྱོགས་གསུམ་ཀྱིས་མིང་རྟགས་བཀོད་ནས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། སོ་ཏི་ཨ་རབ་དང་དབྱི་རན་གཉིས་ཕྱི་འབྲེལ་སླར་གསོ་བྱེད་པར་མོས་མཐུན་བྱུང་བ་ཁྱབ་བསྒྲགས་བྱས་པ་མ་ཟད། ཕྱོགས་གསུམ་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་དང་། རྒྱལ་སྤྱིའི་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།