ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས2022ལོར་ཨུ་རུ་སུའི་ཕྱི་ཕྱོགས་ཉོ་ཚོང་གི་བསྡོམས་འབོར8.1%འཕར་བར་བཤད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས16ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སུའི་བཟོ་ལས་པ་དང་ཁེ་ལས་པའི་མཉམ་འབྲེལ་ལོ་ཚོགས་སྟེང་། 2022ལོར་ཨུ་རུ་སུའི་ཕྱི་ཕྱོགས་ཉོ་ཚོང་གི་བསྡོམས་འབོར8.1%འཕར་ཏེ་ཨ་སྒོར་དུང་ཕྱུར8500ལ་སླེབས་ཡོད་པར་བཤད། 

ཕུའུ་ཅིན་གྱི་ངོ་སྤྲོད་གནང་བ་ལྟར་ན། 2022ལོར་ཨུ་རུ་སུའི་ཕྱི་གཏོང་ཉོ་ཚོང་གི་བསྡོམས་འབོར19.9%འཕར་བ་དང་། ནང་འདྲེན་ཉོ་ཚོང་གི་བསྡོམས་འབོར11.7%མར་ཆག་པས། ལོ་ཧྲིལ་བོའི་ཉོ་ཚོང་དྲང་ཆད་ཨ་སྒོར་དུང་ཕྱུར3320མངོན་འགྱུར་བྱུང་ཡོད། 

ཕུའུ་ཅིན་གྱི་སྔོན་དཔག་བྱས་པ་ལྟར་ན། ཨུ་རུ་སུའི་དཔལ་འབྱོར་ད་ལོའི་དུས་ཚིགས་གཉིས་པའི་སྐབས་ཆེས་ཆེར་འཕར་སྲིད་པ་རེད། ཁོས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཀག་སྡོམ་འོག་ཨུ་རུ་སུའི་དཔལ་འབྱོར2022ལོའི་ཟླ6པར་ཆེས་ཆེར་མར་ཆག་མོད། ན་ནིང་གི་ཟླ7པ་ནས་བཟུང་ཨུ་རུ་སུའི་དཔལ་འབྱོར་འཕར་བ་རེད། 

དེ་ལས་གཞན། ཕུའུ་ཅིན་གྱིས་ཨུ་རུ་སུའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་སྔོན་དཔག་ལས་ལེགས་པར་འདོད་ལ། སྔོན་དཔག་བྱས་ན་ད་ལོའི་ཟླ3པའི་ཟླ་མཇུག་གམ་ཡང་ན་ཟླ4པའི་ཟླ་མགོར་ཨུ་རུ་སུའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་དེ་སྔོན་གཏན་འཁེལ་བྱས་པའི་དམིགས་ཚད་ཀྱི4%ཡས་མས་ལ་སླེབས་སྲིད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།