ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་ཐོག་དང་པོར་ཨ་མན་གྱི་མཁའ་ཁོངས་བརྒྱུད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་མཁའ་འགྲུལ་ཀུང་ཟི་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཀུང་ཟི་དེའི་ཉིན་དེར་ཐེ་གོའི་རྒྱལ་ས་མན་ཀུའུ་རུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་དེ་ནི་དབྱི་སི་རལ་གྱི་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་ཐོག་དང་པོར་ཨ་མན་གྱི་མཁའ་ཁོངས་བརྒྱུད་པ་ཡིན་ཟེར། 

འགྲུལ་སྐྱེལ་གནམ་གྲུ་དེ་ཚེས་ཉེར་དྲུག་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་བཅོ་ལྔའི་སྟེང་ཐི་ལཱ་ཝེ་ཧྥུའུ་ཉེ་འདབས་ཀྱི་པིན་ཀུའུ་ལི་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་བ་དང་། དུས་ཚོད་བརྒྱད་ཙམ་གྱི་རྗེས་སུ་མན་ཀུའུ་རུ་འབྱོར་ཐུབ། དབྱི་སི་རལ་མཁའ་འགྲུལ་ཀུང་ཟི་ཡིས་བསྟན་དོན། ཨ་མན་གྱི་མཁའ་ཁོངས་བརྒྱུད་པའི་གནམ་གྲུའི་ལམ་ཐིག་གསར་བ་དེས་ཨེ་ཤ་ཡཱའི་ས་ཁུལ་མང་བོར་འཕུར་བའི་འགྲུལ་སྐྱེལ་གནམ་གྲུའི་འཕུར་ཡུན་དུས་ཚོད་གཉིས་ཙམ་ཇེ་ཐུང་དུ་གཏོང་ཐུབ་ཟེར། 

ཨ་མན་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་ཚེས་ཉེར་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། ཨ་མན་གྱི་མཁའ་ཁོངས་དེ་དབང་འཛིན་ལས་ཁུངས་ཀྱི་རེ་བ་དང་འཚམ་པའི་མཁའ་འགྲུལ་ཀུང་ཟི་ཚང་མར་སྒོ་འབྱེད་བྱེད་རྒྱུ་ཡིན་ཟེར། དབྱི་སི་རལ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མན་དབང་འཛིན་ལས་ཁུངས་ཀྱིས་དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་དང་མཉམ་དུ་དབྱི་སི་རལ་གྱི་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་དེ་ཨ་མན་གྱི་མཁའ་ཁོངས་བརྒྱུད་པའི་དོན་ལ་ཟླ་ངོ་འགའི་རིང་གྲོས་མོལ་བྱས་པ་རེད་ཟེར། 

དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ཁི་ཧིན་གྱིས་དེའི་རྗེས་སུ་བསྟན་དོན། ལོ་རྒྱུས་རང་བཞིན་གྱི་ཆོད་དོན་དེས་དབྱི་སི་རལ་ནས་ཨེ་ཤ་ཡཱའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་བར་གྱི་འཕུར་ཡུན་ཇེ་ཐུང་དུ་བཏང་ཡོད་ལ། དབྱི་སི་རལ་གྱི་སྤྱི་དམངས་དག་གི་འགྲུལ་བཞུད་མ་རྩ་ཇེ་དམའ་རུ་བཏང་བར་མ་ཟད། དབྱི་སི་རལ་མཁའ་འགྲུལ་ཀུང་ཟིར་སྔར་ལས་འགྲན་རྩོད་ནུས་པ་ལྡན་པར་བྱས་ཡོད་ཟེར། 

མིག་སྔར་དབྱི་སི་རལ་དང་ཨ་མན་གྱི་འབྲེལ་བ་སྔར་བཞིན་རྒྱུན་ལྡན་ཅན་དུ་གྱུར་མེད། དེའི་སྔོན་ཨ་མན་གྱིས་ལོ་མང་བོའི་རིང་ལ་དབྱི་སི་རལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཐད་རང་གི་མཁའ་ཁོངས་སུ་འཕུར་བར་གཏན་འགོག་བྱས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།