ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་ཕྱོགས་མང་གྲོས་མོལ་ཅོར་ཏན་ནས་སྤེལ་བ་དང་དབྱི་སི་རལ་ཕྱོགས་ཀྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་སྲིད་ཇུས་ལ་འགྱུར་ལྡོག་འབྱུང་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་ཕྱོགས་མང་གྲོས་མོལ་ཚེས་ཉེར་དྲུག་ཉིན་ཅོར་ཏན་ནས་སྤེལ་བ་དང་། གྲོས་མོལ་གྲོལ་རྗེས་ཀྱི་མཉམ་འབྲེལ་སྤྱི་སྒྲོག་ལས་དབྱི་སི་རལ་གྱིས་ཟླ་ངོ་བཞིའི་ནང་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་ཡིའུ་ཐེ་བའི་གཏན་སྡོད་བྱེད་ས་གང་རུང་གསར་འཛུགས་བྱེད་པར་གྲོས་བསྡུར་མི་བྱེད་པར་ཁས་ལེན་བྱས་ཀྱང་། དབྱི་སི་རལ་སྲིད་གཞུང་གིས་དེའི་རྗེས་སུ་དབྱི་སི་རལ་ཕྱོགས་ཀྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་སྲིད་ཇུས་ལ་འགྱུར་ལྡོག་འབྱུང་མི་སྲིད་པའི་ཚུལ་བསྟན་པ་རེད། 

ཅོར་ཏན་དང་ཕཱ་ལེ་སི་ཐན། དབྱི་སི་རལ། ཨེ་ཅིབ། ཨ་མེ་རི་ཁ་བཅས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་ཚེས་ཉེར་དྲུག་ཉིན་ཅོར་ཏན་ལྷོ་ཕྱོགས་ཀྱི་ཡཱ་ཁཱ་པཱ་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་གྲོས་མོལ་སྤེལ། ཨ་མེ་རི་ཁ་དང་ཅོར་ཏན་གྱིས་གྲོས་མོལ་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་སྤྱི་སྒྲོག་ལྟར་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཕྱོགས་གཅིག་གི་བྱེད་ཐབས་མྱུར་མོར་མཇུག་སྒྲིལ་བར་བྱེད་པ་དང་། རྣམ་པ་དེ་ཟླ་ངོ་གསུམ་ནས་ཟླ་ངོ་དྲུག་ནང་སྲུང་འཛིན་བྱེད་རྒྱུ་མཉམ་དུ་ཁས་ལེན་བྱས་པ་རེད། 

མཉམ་འབྲེལ་སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་ཟླ་ངོ་བཞིའི་ནང་ཅོར་ཏན་གཙོང་བོའི་ནུབ་འགྲམ་དུ་ཡིའུ་ཐེ་བའི་གཏན་སྡོད་བྱེད་ས་གསར་འཛུགས་བྱེད་པར་གྲོས་བསྡུར་མི་བྱེད་པ་དང་ཟླ་ངོ་དྲུག་གི་ནང་སོ་ལྟ་ཁང་འཛུགས་པར་ཆོག་མཆན་འགོད་མཚམས་འཇོག་རྒྱུ་ཁས་ལེན་པ་དང་། ཚོགས་ཞུགས་ཕྱོགས་ཁག་སོ་སོས་ཟླ་གསུམ་པར་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱེ་ཧི་ནས་ཡང་བསྐྱར་གྲོས་ཚོགས་བསྡུས་ནས་གོང་གི་དམིགས་འབེན་དེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར། 

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་དགོང་མོར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་འཛུགས་སྐྲུན་དང་ཆོག་མཆན་འགོད་པའི་བྱ་བ་སྔོན་གྱི་འཆར་གཞི་དང་འཛུགས་སྐྲུན་གྱི་དུས་ཚོད་རེའུ་མིག་ལྟར་མུ་མཐུད་དུ་སྤེལ་རྒྱུ་ཡིན་ལ། འགྱུར་ལྡོག་ཅི་ཡང་མེད་ཟེར། 

དབྱི་སི་རལ་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྒྱལ་ཁབ་བདེ་འཇགས་བློ་འདོན་པ་ཧཱ་ནེ་ཀི་པུས་ཀྱི་སྐད་ཆ་དྲངས་ནས་གསལ་སྒྲོག་སྤེལ་ཏེ། གྲོས་ཚོགས་དེ་དང་འབྲེལ་བའི་གནས་ཚུལ་དང་མི་མཐུན་པ་ཞིག་ནི་དབྱི་སི་རལ་གྱི་སྲིད་ཇུས་ལ་འགྱུར་ལྡོག་འབྱུང་མི་སྲིད། མ་འོངས་པའི་ཟླ་ངོ་འགའི་ནང་། དབྱི་སི་རལ་ཕྱོགས་ཀྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་སོ་ལྟ་ཁང་དགུ་དང་སྡོད་ཁང་སྟོང་དགུ་དང་ལྔ་བརྒྱ་གསར་འཛུགས་བྱེད་པར་ཆོག་མཆན་འགོད་རྒྱུ་ཡིན་ལ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་འགུལ་སྐྱོད་ལའང་ཚད་བཀག་ཅི་ཡང་ཐེབས་མི་སྲིད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།