ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་ཁང་བར་རྡིབས་སྐྱོན་བྱུང་བར་རྟོག་ཞིབ་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་ནས་མི་བརྒྱ་དང་གྱ་བཞི་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། ལས་བྱེད་མི་སྣས་འཕྲུལ་ཆས་ཆེ་གྲས་བཀོལ་ནས་ཐུར་ཁེའི་ཧཱ་ཐཱ་དབྱེ་ཞིང་ཆེན་དུ་ཁང་བའི་ཞིག་རོ་གཙང་ཕྱགས་བྱེད་བཞིན་པ། 

2.jpg

འདི་ནི་ཟླ་གཉིས་པའི་ཚེས་བདུན་ཉིན། ཐུར་ཁེའི་ཁཱ་ཧི་ལཱ་མན་མཱ་ལཱ་ཧྲི་ཞིང་ཆེན་ལྷོ་ངོས་ཀྱི་ཨེ་ཨར་པུས་སི་ཐན་ས་ཁུལ་དུ་པར་བླངས་པའི་ས་ཡོམ་ཁྲོད་གཏོར་བརླག་ཐེབས་པའི་ཁང་བའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཁྲིམས་འཛིན་པུའུ་ཀྲང་པའོ་ཙི་ཏཱ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཁང་བ་མང་བོར་ས་ཡོམ་གནོད་འཚེའི་ཁྲོད་རྡིབས་སྐྱོན་བྱུང་བར་རྟོག་ཞིབ་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་ཡོད་པ་དང་། མིག་སྔར་དོགས་ཡོད་མི་སྣ་བརྒྱ་དང་གྱ་བཞི་འཛིན་བཟུང་བྱས་ཡོད་ཟེར། 

པའོ་ཙི་ཏཱ་ཡིས་ཐུར་ཁེའི་ཤར་ལྷོའི་ཕྱོགས་ཀྱི་ཏིས་ཡཱ་པཱ་ཁི་ཨར་གྲོང་ཁྱེར་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཞིབ་དཔྱོད་དང་ཉེན་རྟོག་ཕྱོགས་ཀྱིས་ཁང་བར་རྡིབས་སྐྱོན་བའི་གྱོད་དོན་ཐད་ནས་མི་དྲུག་བརྒྱ་ལྷག་ལ་རྟོག་ཞིབ་བྱས་པ་དང་། འགན་གཙང་ལེན་གྱི་ཚོང་བ་དང་བཅས་པའི་མི་བརྒྱ་དང་གྱ་བཞི་འཛིན་བཟུང་བྱས་ཡོད་ཟེར། 

ཐུར་ཁེའི་ལྷོ་ཕྱོགས་ཀྱི་སི་རི་ཡཱ་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་ཚེས་དྲུག་ཉིན་ས་ཡོམ་དྲག་པོ་བྱུང་། མིག་སྔར་ཐུར་ཁེ་དང་སི་རི་ཡཱ་རྒྱལ་ཁབ་གཉིས་སུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཁྲི་ལྔ་ལས་བརྒལ་ཡོད། ཐུར་ཁེའི་དཔོན་ཕྱོགས་ཀྱིས་བསྒྲགས་པའི་གཞི་གྲངས་ལྟར་ན། ཁང་ཤར་འབུམ་གཅིག་དང་ཁྲི་དྲུག་ལྷག་ལ་ས་ཡོམ་ཁྲོད་རྡིབས་སྐྱོན་བྱུང་བའམ་གཏོར་བརླག་ཐེབས་ཡོད། དེའི་ནང་གཞིས་སྡོད་ཁང་བ་འབུམ་ལྔ་དང་ཁྲི་གཉིས་འདུས་ཟེར། 

བཟོ་སྐྲུན་ཆེད་མཁས་པའི་ལྟ་ཚུལ་ལྟར་ན། ཐེངས་འདིའི་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་གྱི་ས་ཡོམ་དྲག་པོ་ཡིན་ཡང་། ཐུར་ཁེའི་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པའི་རྒྱུ་རྐྱེན་སྐོར་ཞིག་བཟོ་སྐྲུན་གྱི་རྒྱུ་སྤུས་ཚད་ལྡན་མིན་པར་རག་ལས་ཡོད་ཟེར། བསྒྲགས་པ་ལྟར་ན། ཐུར་ཁེའི་རྒྱལ་ནང་གི་བཟོ་སྐྲུན་ལས་རིགས་སུ་ཚད་ལྡན་མིན་པའི་གནས་ཚུལ་མང་དུ་མཐོང་ཐུབ་ཟེར། 

ཐུར་ཁེའི་ཁྲིམས་འཛིན་པུའུ་ཡིས་ས་ཁུལ་སོ་སོའི་གནོད་ཐེབས་ཞིང་ཆེན་དུ་ས་ཡོམ་ནག་ཉེས་རྟོག་དཔྱོད་ཅུའུ་བཙུགས་ནས་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱས་པ་རེད། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ལོ་གཅིག་གི་ནང་བསྐྱར་འཛུགས་ཡོངས་འགྲུབ་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་འགན་འཁྲི་རྩད་གཅོད་ལམ་ལུགས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།