ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉེར་གསུམ་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གནས་སྐོར་གླེང་སྟེགས་ཧིན་རྡུ་ཉི་ཞི་ཡཱ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་བཞི་ཡིན་པའི་ཉིས་སྟོང་ཉེར་གསུམ་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གནས་སྐོར་གླེང་སྟེགས་ཚེས་ལྔ་ཉིན་ཧིན་རྡུ་ཉི་ཞི་ཡཱའི་རི་རུ་དམིགས་བསལ་ས་ཁུལ་ནས་གྲོལ། 

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་ལས་གཞན། ཀྲུང་གོ་དང་འཇར་པན། ཧན་གོ། རྒྱ་གར། ཨུ་རུ་སི་བཅའ་ཆེད་ཞུས་རྒྱལ་ཁབ་ཀྱི་ཚུལ་དུ་གླེང་སྟེགས་ལ་ཞུགས་ཡོད། 

སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཛེས་པའི་ཡུལ་དུ་བགྲོད་པའི་འགྲུལ་བཞུད་ཅེས་པ་དེ་ཡིན་པ་དང་། རིམས་ནད་རྗེས་ཀྱི་གནས་སྐོར་ལས་རིགས་ཀྱི་སླར་གསོ་ལ་སྐུལ་འདེད་གཏོང་བ་དེ་གླེང་གཞི་གཙོ་བོར་གྱུར་ཡོད། ཧིན་རྡུ་ཉི་ཞི་ཡཱའི་གནས་སྐོར་དང་གསར་གཏོད་དཔལ་འབྱོར་པུའུ་ཀྲང་སིང་ཏིས་ཡཱ་ཅཱ་ཝུའུ་ནོའུ་ཡིས་བསྟན་དོན། གནས་སྐོར་ལས་རིགས་ལ་བབ་བསྟུན་རང་བཞིན་ཆེན་པོ་ལྡན་པ་དང་། ཁྱད་པར་དུ་ཀྲུང་གོས་ཕྱི་ཡུལ་དུ་འགྲིམ་པའི་གནས་སྐོར་སླར་གསོ་བྱས་རྗེས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གནས་སྐོར་ལས་རིགས་ལ་སླར་གསོའི་གསོན་ཤུགས་རྒྱས་ཡོད་ཟེར། ཧྥེ་ལེ་པེན་གྱི་གནས་སྐོར་པུའུ་ཀྲང་ཁི་ལི་སི་ཏིས་ནཱ་ཧྥོ་ལཱ་སི་ཁི་ཡིས་ཀྲུང་གོས་ཧྥེ་ལེ་པེན་དེ་གནས་སྐོར་ཚོགས་པ་སླར་གསོ་བྱས་རྗེས་ཀྱི་ཚོད་ལྟའི་ཡུལ་དུ་བྱས་པར་བཀའ་དྲིན་ཞུས། ཁོ་མོས་བཤད་རྒྱུར། ཀྲུང་གོའི་གནས་སྐོར་བས་ཧྥེ་ལེ་པེན་གྱི་གནས་སྐོར་ལས་རིགས་ལ་གསོན་ཤུགས་གསར་བ་བསྣན་ཡོད་ཟེར། ཡོ་ནན་རྒྱལ་ཁབ་གནས་སྐོར་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧི་ཝུན་ཁྲའོ་ཡིས་བསྟན་དོན། ཡོ་ནན་གྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། གནས་སྐོར་ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་འདོད་ཡོད་ཟེར། 

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གནས་སྐོར་གླེང་སྟེགས་དེ་གཅིག་སྟོང་དགུ་བརྒྱ་གྱ་གཅིག་ལོ་ནས་སྤེལ་མགོ་བརྩམས་པ་དང་། ལོ་རེར་ཐེངས་རེ་སྤེལ་བཞིན་ཡོད་ལ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་ཡིས་རེས་མོས་ཀྱིས་གཙོ་སྒྲུབ་བྱེད་བཞིན་ཡོད། དེའི་དམིགས་ཡུལ་ནི་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གཞི་གཅིག་ཅན་གྱི་གནས་སྐོར་བྱ་ཡུལ་དུ་གསར་བསྐྲུན་བྱེད་པའི་ཆེད་དུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།