ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིས་ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱས་པ་དེས་འགལ་བ་ཚབས་ཇེ་ཆེར་གཏོང་སྲིད་ཅེས་བཤད་པ་དང་ཝུའུ་ཁི་ལན་གྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གཉིས་ཀྱིས་ཝུའུ་ཧི་ལའེ་ཏ་ཨར་ནས་དམག་འཁྲུག་དྲག་པོ་བརྒྱབ་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱས་པ་དེས་ནུབ་ཕྱོགས་དང་ཨུ་རུ་སིའི་བར་འགལ་བ་ཚབས་ཇེ་ཆེར་གཏོང་སྲིད་ཟེར། ཝུའུ་ཁི་ལན་གྱི་ཤར་ཕྱོགས་སྡེ་ཚོགས་དམག་གི་མགྲིན་ཚབ་པ་ཆེ་ལེ་ཝ་ཅི་ཡིས་ཉིན་དེར་བཤད་རྒྱུར། ཏོན་ཉི་ཚིས་ཁི་ས་ཁུལ་ལྷོ་ནུབ་ཕྱོགས་ཀྱི་ཝུའུ་ཧི་ལའེ་ཏ་ཨར་ནས། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་བར་དུ་ཟླ་འགའི་རིང་དམག་འཁྲུག་བརྒྱབ་པ་དང་། མིག་སྔར་དམག་འཁྲུག་དྲག་པོ་རྒྱག་བཞིན་པའི་སྒང་ཡིན་ཟེར། 

ཀྲ་ཧ་ལོ་ཝ་ཡིས་ཚེས་ཉེར་བདུན་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱས་པ་དེས་གནས་བབ་ཝུའུ་ཁི་ལན་ལ་ཕན་པའི་ཕྱོགས་སུ་འགྱུར་རྒྱུ་ཕར་ཞོག དེས་ལས་ལྡོག་སྟེ་ནུབ་ཕྱོགས་དང་ཨུ་རུ་སིའི་བར་གྱི་འགལ་བ་ཚབས་ཇེ་ཆེར་གཏོང་སྲིད་ཟེར། ཁོ་མོས་བྱང་ཆིངས་རྩ་འཛུགས་ཧྲིལ་བོས་ཨུ་རུ་སི་ལ་འགོག་རྒོལ་བྱེད་བཞིན་པར་མ་ཟད། འགོག་རྒོལ་དེ་ཚབས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་ནན་གྱིས་བཤད། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་སོགས་ཀྱི་མཚོན་ཆ་འདོན་སྤྲོད་བྱས་པ་དེས་ཝུའུ་ཁི་ལན་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་ཡོད་ཟེར། 

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཆི་ནོ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་གསར་འགོད་པའི་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནས་བབ་སྐོར་ནས་ངོ་བོ་རང་བཞིན་གྱི་ཕན་ནུས་ལྡན་པའི་གྲོས་མོལ་བྱེད་པའི་རྨང་གཞི་ནི་དམིགས་བསལ་དམག་དོན་འགུལ་སྐྱོད་ལེགས་འགྲུབ་འབྱུང་རྒྱུ་དེ་ཁོ་ན་ཡིན། མིག་སྔའི་བར་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་པར་གྲོས་མོལ་ཅི་ཡང་བྱས་མེད་ལ། ཨུ་རུ་སི་དང་ཨ་མེ་རི་ཁས་གནད་དོན་དེའི་སྐོར་ནས་གྲོས་མོལ་བྱེད་པའི་གོ་སྐབས་ཀྱང་མཐོང་མ་སོང་ཟེར། ཁོས་ད་དུང་ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱས་པ་ནི་ཆབ་སྲིད་ཀྱི་བྱ་སྤྱོད་ཅིག་ཡིན་ལ། གནས་བབ་ཛ་དྲག་ཏུ་གྱུར་པའི་བརྡ་རྟགས་གལ་ཆེན་ཞིག་རེད་ཅེས་ནན་གྱིས་བཤད།

 ཝུའུ་ཁི་ལན་གྱི་ཤར་ཕྱོགས་སྡེ་ཚོགས་དམག་གི་མགྲིན་ཚབ་པ་ཆེ་ལེ་ཝ་ཅི་ཡིས་ཚེས་ཉེར་བདུན་ཉིན་བརྙན་འཕྲིན་ཐད་གཏོང་བརྒྱུད་དེ་བཤད་རྒྱུར། ཏོན་ཉི་ཚིས་ཁི་ས་ཁུལ་ལྷོ་ནུབ་ཕྱོགས་ཀྱི་ཝུའུ་ཧི་ལའེ་ཏ་ཨར་ནས། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཟླ་འགའི་རིང་དམག་འཁྲུག་བརྒྱབ་ཡོད་ཟེར། ཆེ་ལེ་ཝ་ཅི་ཡིས་མིག་སྔར་དམག་འཁྲུག་དྲག་པོ་རྒྱག་བཞིན་པའི་སྒང་ཡིན་ལ། ཨུ་རུ་སིའི་དམག་གིས་དཔུང་འཇུག་བྱེད་རྩིས་བྱས་ནའང་ཝུའུ་ཁི་ལན་གྱི་དམག་གིས་ཁོ་ཚོ་ཕྱིར་བདའ་ཡོད་ཅེས་བཤད། 

ད་ལྟའི་ཨུ་རུ་སིའི་གསར་འགྱུར་ཁང་ཞེས་པ་དེས་ཚེས་ཉེར་བདུན་ཉིན་ཨུ་རུ་སིའི་རྒྱལ་ཁབ་ལག་རྩལ་སྡེ་ཚོགས་ཀུང་སིའི་སྤྱི་འཛིན་ཆེ་མཱེ་ཙོ་ཧྥུའུ་ཡི་སྐད་ཆ་དྲངས་པ་ལྟར་ན། དམིགས་བསལ་དམག་དོན་འགུལ་སྐྱོད་ཁྲོད་ཨུ་རུ་སིའི་དམག་གི་མེ་མདེལ་དང་སྒྱོགས་མདེལ། འཕུར་མདའ་སོགས་འབར་མདེལ་སྣ་ཚོགས་མང་དུ་ཟད་ནའང་། ནུབ་ཕྱོགས་སྨྱན་སྦྱོར་གྱིས་ཨུ་རུ་སིའི་དམག་གི་འབར་མདེལ་ཚར་འདུག་ཅེས་འུར་བཤད་བྱས་པ་ནི་ཁུངས་མེད་གཏམ་འཆལ་ཁོ་ན་ཡིན། ཨུ་རུ་སིའི་དམག་དཔུང་གི་བཟོ་གྲྭ་རྣམས་ཀྱིས་འབར་མདེལ་ཐོན་སྐྱེད་བྱེད་ཚད་ལྡབ་འགས་ཇེ་མང་དུ་བཏང་ཡོད་ཟེར། ཁོས་ད་དུང་བཤད་རྒྱུར། དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། ཀུང་སི་དེས་འདུ་འཛོམས་ཀྱིས་དཔུང་འཇུག་བྱ་ཆོག་པའི་མི་མེད་གནམ་གྲུ་བཟོ་བཞིན་ཡོད་ཟེར།

 ད་ལྟའི་ཨུ་རུ་སིའི་གསར་འགྱུར་ཁང་ཞེས་པ་དེས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཆེ་མཱེ་ཙོ་ཧྥུའུ་ཡིས་བཤད་རྒྱུར། ནུབ་ཕྱོགས་ཀྱི་བཀག་སྡོམ་ཐེབས་ནའང་། ཨུ་རུ་སིའི་རྒྱལ་ཁབ་ལག་རྩལ་སྡེ་ཚོགས་ཀུང་སིའི་ན་ནིང་གི་ཡོང་སྒོ་ཚོད་དཔག་བྱས་ན་ཨ་སྒོར་ཐེར་ཆེན་གསུམ་ལ་སླེབས་ཡོད། དེ་སྔོན་དཔག་བྱས་པ་ལས་དམའ་ན་ཡང་།  དུས་མཉམ་ལས་ཅུང་ཙམ་འཕར་ཡོད་ཟེར། ཁོས་ཀུང་སི་དེའི་མིག་སྔའི་དམིགས་འབེན་གཙོ་བོ་ནི་རྒྱལ་སྲུང་ཉོ་སྒྲུབ་ཀྱི་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་དེ་ཡིན་ཞེས་བཤད། ཨུ་རུ་སིའི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིས་འདས་པའི་ལོ་བཅུའི་རིང་ལ་ལོ་རེར་མཚོན་ཆ་དང་དམག་དོན་སྒྲིག་ཆས་ཕྱིར་གཏོང་བྱས་པའི་རིན་གོང་ཨ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་ལ་སླེབས་པ་དང་། དེའི་ནང་གི་ཨ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་གྱི་ལས་འགན་ནི་ཨུ་རུ་སིའི་རྒྱལ་ཁབ་ལག་རྩལ་སྡེ་ཚོགས་ཀུང་སིའི་ཁོངས་སུ་གཏོགས་པའི་ཨུ་རུ་སིའི་རྒྱལ་སྲུང་ཕྱིར་གཏོང་ཀུང་སིས་ཡོངས་འགྲུབ་བྱས་པ་རེད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལེ་ཡ་པུའུ་ཁི་ཧྥུའུ་ཡིས་ཨུ་རུ་སིའི་ཚོང་བའི་ཚགས་པར་ཞེས་པ་དེའི་བཅར་འདྲི་ཞིག་ལས་བཤད་རྒྱུར། ཨུ་རུ་སིས་ཨ་མེ་རི་ཁ་དང་མཉམ་དུ་དམག་དོན་སྒྲིག་ཆས་ཚོད་འཛིན་གྱི་གནད་དོན་སྐོར་ནས་གྲོས་མོལ་བྱེད་མ་འདོད་པ་མིན་ལ། དེ་ལས་ལྡོག་སྟེ་ཨ་མེ་རི་ཁས་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་ལ་བར་ཆད་བཟོས་པ་རེད་ཟེར། ལེ་ཡ་པུའུ་ཁི་ཧྥུའུ་ཡིས་ཨུ་རུ་སི་དང་ཨ་མེ་རི་ཁའི་བར་གྱི་དམག་དོན་སྒྲིག་ཆས་ཚོད་འཛིན་དང་འབྲེལ་བའི་གྲོས་མོལ་དེ་ཨ་མེ་རི་ཁའི་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐད་ཀྱི་འགུལ་སྐྱོད་ལ་རག་ལས་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།