ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་དུ་སྡོད་པའི་རང་རེའི་འཐུས་ཚབ་ཚོགས་པ་དང་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་གྱི་དགའ་སྟོན་ལ་རོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུགས་རྙིང་གི་ཡོས་བུ་ལོ་ཚེས་ལ་ཉེ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། སྣེ་ལེན་ཚོགས་འདུར་ཞུགས་པའི་ལས་རིགས་སོ་སོའི་མི་སྣས་ཕན་ཚུན་ལ་ལོ་སར་གྱི་འཚམས་འདྲི་བྱས་པ་དང་། ཀྲུང་གོ་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་ཀྱིས་ལོ་གསར་བའི་ནང་མུ་མཐུད་དུ་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མཉམ་དུ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པའི་སྨོན་འདུན་ཞུས། 

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་ཉིས་སྟོང་ཉེར་གསུམ་ལོའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་དབྱང་ཅིན་གྱིས་བཤད་རྒྱུར། ཀྲུང་གོས་ལོ་མང་བོའི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་འཐུས་ཚབ་ཚོགས་པ་དང་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་བཙུགས་པའི་མཉམ་ལས་དང་མཛའ་མཐུན་གྱི་འབྲེལ་བ་ཟབ་མོར་མཐོང་ཆེན་བྱེད་ཅིང་། ལོ་གསར་བའི་ནང་ཕྱོགས་སོ་སོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་། མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བླ་མེད་བྱ་གཞག་དང་དར་རྒྱས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་འདོད་ཡོད་ཟེར། 

སྣེ་ལེན་ཚོགས་འདུར་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་དམིགས་བསལ་འཐུས་མི། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཨ་ཧྥེ་རི་ཁ་གླིང་གཙོར་འཛིན་དང་ཕྱི་ཕྱོགས་འབྲེལ་བའི་སྤྱི་ཁྱབ་ལས་འཛིན་པའི་ལས་རོགས་པ་མཱ་ཏའོ་ཀི་ཡིས་བཤད་རྒྱུར། དུས་ཡུན་རིང་བོའི་ཚུན་ལ། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ནས་མཉམ་ལས་ཟབ་མོ་བྱས་པ་དང་། ཀྲུང་གོ་ཡིས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་སློབ་གསོའི་གསོ་སྦྱོང་ལ་སྐུལ་འདེད་གཏོང་བའི་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཀྲུང་གོ་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པ། ནམ་ཟླའི་འགྱུར་ལྡོག་ཇེ་དལ་དུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། རྒྱལ་སྤྱིའི་མཉམ་ལས་དང་ཕྱོགས་མང་རིང་ལུགས་དེས་ལོ་གསར་བའི་ནང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོ་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ་སྔར་ལས་མང་བའི་དར་རྒྱས་དང་རེ་བ་སྟེར་ཐུབ་པར་རེ་སྒུག་བྱས་ཡོད་ཟེར། 

ཏན་མག་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཡོས་བུ་ལོའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། གཞུང་ཚབ་ཆེན་མོ་ཧྥུན་ཐིས་ཀྱིས་ཞུ་ཚིག་ཕུལ་ཏེ། ཡོས་བུ་ཡིས་བཀྲ་ཤིས་དང་ལས་བསོད། ཞི་བདེ་བཅས་མཚོན་ཡོད། ཉིས་སྟོང་ཉེར་གསུམ་ལོ་ནི་ཀྲུང་གོ་དང་ཏན་མག་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅོ་ལྔ་འགོར་བའི་ལོ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གྲོགས་པོའི་འབྲེལ་བ་དེའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཏན་མག་གི་སྐབས་གསར་བའི་སྲིད་གཞུང་བར་མཉམ་ལས་བྱས་ཏེ། ཁྱབ་ཁོངས་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཏན་མག་གི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་འདོད་ཡོད་ཟེར། 

པའོ་ལེ་ཝེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། གཞུང་ཚབ་ཆེན་མོ་ཧོང་ཡཱ་ཀྲུང་གིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར་ཀྲུང་གོ་དང་པའོ་ལེ་ཝེ་ཡཱའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག་བསྟུད་མར་སྲ་བརྟན་དང་གཏིང་ཟབ་ཏུ་སོང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་མང་ཁྱབ་ཁོངས་ནས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་པའོ་ལེ་ཝེ་ཡཱའི་མཛའ་བརྩེའི་གསོན་ཤུགས་ཆེན་པོ་མངོན་པར་བྱས་ཡོད། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་ཤུགས་ཆེན་པོས་དངོས་གཉེར་མཉམ་ལས་ལས་གཞིར་སྐུལ་འདེད་བཏང་སྟེ། པའོ་ལེ་ཝེ་ཡཱ་ཕྱོགས་ཀྱི་དཔལ་འབྱོར་དར་རྒྱས་འཐབ་ཇུས་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། 

ཀུའེ་ནེ་ཡཱ་པུ་སོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་དྲོ་སྐྱིད་ཀྱི་ལོ་སར་བསུ་བའི་སྣེ་ལེན་ཚོགས་འདུ་བསྡུས། གཞུང་ཚབ་ཆེན་མོ་གོ་ཚི་ཡིས་བཤད་རྒྱུར། འདས་པའི་ལོ་ངོ་གསུམ་ནང་། ཀྲུང་གོ་དང་ཀུའེ་ནེ་ཡཱ་པུ་སོའི་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། ཀུའེ་ནེ་ཡཱ་པུ་སོ་ཕྱོགས་ཀྱིས་ཀྲུང་གོས་བཏོན་པའི་འདུ་ཤེས་དང་ལྟ་ཚུལ་ལ་རྒྱབ་སྐྱོར་བྱས་ཤིང་། ཕྱོགས་གཉིས་ཀྱི་མཉམ་དུ་འབད་བརྩོན་བྱས་འོག རྒྱལ་ཁབ་གཉིས་ཀྱིས་ལག་རྡང་སྦྲེལ་ནས་མཉམ་དུ་དཀའ་ཁག་ཁྱད་བསལ་བྱས་ཡོད་ཟེར། 

ཉིག་ཡོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་དྲོ་སྐྱིད་ཀྱི་ལོ་སར་བསུ་བའི་ཕྱི་སྡོད་རང་མིའི་རིག་གཞུང་ལས་རིགས་ཀྱི་སྣེ་ལེན་ཚོགས་འདུ་དང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། གཞུང་ཚབ་པ་ཧོང་ཕིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁས་ཕན་ཚུན་བརྩི་འཇོག་བྱེད་པའི་སྙིང་སྟོབས་བཟུང་ཞིང་། ཕན་ཚུན་གྲོགས་པོ་དང་གོ་སྐབས་སུ་བརྩིས་ནས་ཐུན་མོང་གི་ཁེ་ཕན་སྔོག་འདོན་བྱས་པ་དང་། རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས། སྔར་ལས་ལྷག་པའི་སྒོ་ནས་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་ཀྱི་འདོད་བློ་རྨང་གཞི་ཇེ་བརྟན་དུ་བཏང་ཡོད། 

ལོ་སར་གྱི་སྣེ་ལེན་ཚོགས་འདུར་ཞུགས་པའི་ཨ་མེ་རི་ཁའི་ཕྱི་འབྲེལ་སྲིད་ཇུས་མཐུན་ཚོགས་ཀྱི་ཚོགས་གཙོ་ལཱ་ཏིས་ཧྥུའུ་ཡིས་བསྟན་དོན། བདེ་ཐང་དང་གཏན་འཇགས་ཀྱི་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ལ་རག་ལས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ལའང་རག་ལས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ཡོང་བ་སྲུང་འཛིན་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་ལག་རྡང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས། ནུས་ཁུངས་ཉམས་ཉེན་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

མུས་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉིས་སྟོང་ཉེར་གསུམ་ལོའི་དྲོ་སྐྱིད་ཀྱི་ལོ་སར་བསུ་བའི་སྣེ་ལེན་ཚོགས་འདུ་བསྡུས། གཞུང་ཚབ་ཆན་མོ་ལིའུ་ཁན་གྱིས་བསྟན་དོན། ཀྲུང་གོ་དང་དབྱི་ཐཱ་ལེ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྲོལ་རྒྱུན་དང་ཆབ་སྲིད་ཀྱི་རྨང་གཞི་བཟང་བོ་ཡོད། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཐོ་རིམ་བཟོ་སྐྲུན་དང་དག་གཙང་ནུས་ཁུངས། མཁའ་འགྲུལ། གངས་འཁྱག་ལུས་རྩལ། ཕྱོགས་གསུམ་པའི་ཚོང་ར་སོགས་ཁྱབ་ཁོངས་མང་བོའི་མཉམ་ལས་འཕར་གནས་གསར་བ་སྔོག་འདོན་བྱས་ཆོག་ལ། ཀྲུང་གོ་ཕྱོགས་ཀྱིས་མུས་ལན་གྱིས་པེ་ཅིང་གི་རྗེས་ནས་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་བར་རེ་སྒུལ་དང་སྨོན་འདུན་ཞུ་བཞིན་ཡོད་ཟེར། 

འཇར་པན་སྲིད་གཞུང་གི་འཐུས་མི། ཕྱི་འབྲེལ་པུའུ་ཡི་འབྲེལ་བའི་ཁག་ཁུར་བའི་གཞུང་ཚབ་ཆེན་མོ་ཅི་ཡེ་མེན་གྱིས་བསྟན་དོན། འཇར་པན་ཕྱོགས་ཀྱིས་འཇར་པན་དང་ཀྲུང་གོའི་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་ངོ་ཞེ་ལྔ་འགོར་བའི་གོ་སྐབས་གལ་ཆེན་དེ་དམ་འཛིན་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཐོག་མའི་སེམས་འདུན་གཏན་སྲུང་དང་ཡིད་རྟོན་རྒྱུན་འཁྱོངས་བྱས་ནས། ལག་རྡང་སྦྲེལ་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྔར་ལས་འོད་སྟོང་འབར་བའི་མཛེས་སྡུག་གི་མ་འོངས་པ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར། 

པའོ་ཚི་ཝ་ནཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉིས་སྟོང་ཉེར་གསུམ་ལོའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། གཞུང་ཚབ་ཆེན་མོ་ཝང་ཞོས་ཧྥུན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ། ཀྲུང་གོ་དང་པའོ་ཚི་ཝ་ནཱའི་མཛའ་མཐུན་མཉམ་ལས་ཇེ་ཟབ་ཏུ་སོང་བའི་ལོ་ཞིག་ཡིན། འདས་པའི་ལོ་གཅིག་གི་ནང་ཀྲུང་གོ་དང་པའོ་ཚི་ཝ་ནཱའི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་སོང་བ་དང་། མཛའ་མཐུན་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་སོང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་པའོ་ཚི་ཝ་ནཱའི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཀྲུང་གོ་དང་པའོ་ཚི་ཝ་ནཱ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། མཉམ་དུ་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། 

པའོ་ཚི་ཝ་ནཱའི་ཕྱི་འབྲེལ་པུའུ་ཡི་རྒྱུན་ལས་དྲུང་ཡིག་ཆེན་མོ་མའོ་ཁཱ་ཝ་ཡིས་ཞུ་ཚིག་འབུལ་སྐབས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་ལོ་སར་གྱི་སྨོན་འདུན་ཞུས་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་བརྒྱད་འགོར་བའི་རིང་གི་མཛའ་མཐུན་མཉམ་ལས་འབྲེལ་བར་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། པའོ་ཚི་ཝ་ནཱའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོས་དུས་ཡུན་རིང་བོར་པའོ་ཚི་ཝ་ནཱའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་རོགས་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། 

དབྱིན་ཇི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་དྲོད་སྐྱིད་ཀྱི་ལོ་སར་བསུ་བའི་ཕྱི་སྡོད་རང་མིའི་རིག་གཞུང་ལས་རིགས་ཀྱི་སྣེ་ལེན་ཚོགས་འདུ་བསྡུས། གནས་སྐབས་ཀྱི་གཞུང་ཚབ་ཚབ་མ་དབྱང་ཞའོ་ཀོང་གིས་གཞུང་ཚབ་ཆེན་མོ་ཀྲིན་ཙི་ཀོང་གི་ལོ་སར་གྱི་ཞུ་ཚིག་སྒྲོག་འདོན་བྱེད་སྐབས་བཤད་རྒྱུར། ཉིས་སྟོང་ཉེར་གཉིས་ལོར་ཀྲུང་གོ་དང་དབྱིན་ཇིས་གཞུང་ཚབ་རིམ་པའི་ཕྱི་ཕྱོགས་འབྲེལ་བ་བཙུགས་ན་ལོ་ངོ་ལྔ་བཅུ་འགོར་བར་བསུ་བ་བྱས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ནས་མགོ་བརྩམས་ཤིང་། དབྱིན་ཇིའི་ལས་རིགས་སོ་སོའི་མི་སྣ་དང་མཉམ་དུ། དཀའ་ཁག་དང་བར་ཆད་ཁྱད་དུ་བསལ་ནས་གྲོས་མོལ་དང་མཉམ་ལས་ལ་སྲུང་སྐྱོབ་བྱས་ཏེ། ཧུར་ཐག་སྒོས་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། ལོ་གསར་བའི་ནང་ཀྲུང་གོའི་དཔལ་འབྱོར་གྱི་བབ་བསྟུན་ནུས་པ་དང་སྦས་ཤུགས་ཆེ་ལ། གསོན་ཤུགས་ལྡན་པར་མ་ཟད་དུས་ཡུན་རིང་བོར་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པའི་གཞི་རྩའི་ངོ་བོ་འགྱུར་མེད་པ་དང་། ཀྲུང་གོའི་འཕེལ་རྒྱས་མདུན་ལྗོངས་འོད་སྟོང་ལྡན་པ་དང་། དབྱིན་ཇི་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་གོ་སྐབས་གསར་བ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།