ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ནས་ལག་རྡང་སྦྲེལ་ནས་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་ལྔ་ཡིན་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ཚེས་ཉི་ཤུ་ཉིན་སུའེ་ཙེར་གྱི་ཏཱ་བོ་སི་ནས་གྲོལ། ཚོགས་ཞུགས་ཀྱི་ཆབ་སྲིད་ལས་རིགས་དང་ཚོང་དོན་ལས་རིགས། རིག་གཞུང་ལས་རིགས་བཅས་ཀྱི་འཐུས་མིས་རྒྱལ་ཁབ་སོ་སོས་འགལ་བ་ཐག་གཅོད་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ལག་རྡང་སྦྲེལ་ནས་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཙུང་ཚེ་པུའུ་ལོན་ཏི་ཡིས་ཉིན་དེར་ཚོགས་འདུ་གྲོལ་བའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ཐེངས་འདིའི་ལོ་ཚོགས་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་། སྔར་ལས་འདྲ་མཉམ་གྱི་འཕར་སྣོན་ལ་སྐུལ་འདེད་གཏོང་བ། མདུན་གྲས་ཀྱི་ལག་རྩལ་ཁེ་ཕན་མངོན་པར་བྱེད་པ་སོགས་ཀྱི་ཐད་ནས་གྲུབ་འབྲས་བླངས་ཡོད་ཟེར། ཁོས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་སོང་བ་དང་གཏན་བརླིང་གི་འཕར་སྣོན་གྲོས་རིམ་འཛུགས་པ་དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཁ་བྲལ་ལ་སྔོན་འགོག་བྱེད་པར་གལ་འགངས་ཧ་ཅང་ཆེ། ང་ཚོས་སྔར་ལས་བབ་བསྟུན་དང་རྒྱུན་མཐུད། འདྲ་མཉམ་བཅས་ཀྱི་མ་འོངས་པ་ཞིག་གསར་བསྐྲུན་བྱས་ཆོག་པ་དང་། བྱེད་ཐབས་ཉག་ཅིག་ནི་མཐུན་སྒྲིལ་བྱེད་རྒྱུ་དེ་ཡིན་ཟེར། 

ཐེངས་འདིའི་ལོ་ཚོགས་ཀྱི་བརྗོད་སྙིང་ནི་ཁ་བྲལ་གྱི་འཇིག་རྟེན་ཁྲོད་མཉམ་ལས་ལ་ཤུགས་སྣོན་དགོས་ཞེས་པ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གླེང་སྟེགས་སྐབས་སུ་གཏམ་བཤད་སྤེལ་ཏེ་བསྟན་དོན། ལོ་ཚོགས་ཀྱི་བརྗོད་སྙིང་ལས་དེང་སྐབས་འཛམ་གླིང་གི་དཀའ་ཁག་གནས་བབ་ཏེ་ང་ཚོས་མཉམ་ལས་བྱེད་དགོས་ཀྱང་ང་ཚོ་ཁ་བྲལ་ལ་འཕྲད་ཡོད་ཅེས་པ་རྒྱས་བཤད་བྱས། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ང་ཚོའི་འཛམ་གླིང་འདི་ཕྱོགས་མང་བོ་ནས་དཀའ་ས་ཁེགས་ས་མང་བོར་འཕྲད་ཡོད། མིག་སྔར་འཛམ་གླིང་ཧྲིལ་བོ་དཔལ་འབྱོར་འཕར་ཚད་དལ་བ་དང་འཚོ་བའི་མ་རྩའི་ཉམས་ཉེན། མཁོ་འདོན་མུ་འབྲེལ་ཆད་པ། ས་ཁུལ་བར་གྱི་ཆབ་སྲིད་འཁྲུག་རྩོད། པྲོག་གསར་གློ་ཚད་རིམས་ནད། ནམ་ཟླའི་ཉམས་ཉེན་སོགས་འགྲན་རྩོད་སྣ་ཚོགས་ལ་འཕྲད་ཡོད་ཟེར། 

ད་ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ནས་འབྲུ་རིགས་དང་ནུས་ཁུངས་ཉམས་ཉེན་ཇི་ལྟར་ཐག་གཅོད་བྱེད་པ་དང་། དངུལ་ལོར་ཚད་བརྒལ་འགྲེམ་པ་དང་འཕར་ཚད་དམའ་བ། བུ་ལོན་མཐོ་བ་བཅས་ཇི་ལྟར་ཐག་གཅོད་བྱེད་པ། བཟོ་ལས་ཀྱི་གནས་བབ་མི་ལེགས་པ་ཇི་ལྟར་ཐག་གཅོད་བྱེད་པ། སྤྱི་ཚོགས་ཉམས་ཞན་རང་བཞིན་གྱི་གནད་དོན་ཇི་ལྟར་ཐག་གཅོད་པ། ས་ཁུལ་བར་གྱི་ཆབ་སྲིད་ཉེན་ཁ་ཇི་ལྟར་ཐག་གཅོད་པ་སོགས་གྲོས་གཞི་ཆེན་མོ་ལྔ་གནད་སར་བཟུང་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།