ཀྲུང་གོ་བོད་ཀྱི་དྲ་བ།

​ཁུ་པཱ་དང་ཨ་མེ་རི་ཁས་ཁྲིམས་འཛིན་ཁྲིམས་བསྟར་གྲོས་མོལ་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱའི་ནང་སྲིད་པུའུ་ཡིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ཁུ་པཱ་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཚེས་བཅོ་བརྒྱད་དང་ཚེས་བཅུ་དགུ་ཉིན་ཁུ་པཱའི་རྒྱལ་ས་ཧཱ་ཝ་ནཱ་ནས་ཁྲིམས་འཛིན་ཁྲིམས་བསྟར་གྲོས་མོལ་སྤེལ་ཏེ། མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ཐག་གཅོད་བྱེད་པ་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་བྱ་འགུལ་སོགས་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་ལ་འཇིགས་ཉེན་བཟོ་བའི་གྲོས་གཞིའི་ཐད་ནས་བརྗེ་རེས་བྱས། དེ་ནི་ཁུ་པཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་ལ་ཐོག་དང་པོར་ཁྲིམས་འཛིན་ཁྲིམས་བསྟར་གྲོས་མོལ་བྱས་པ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཁུ་པཱའི་འཐུས་ཚབ་ཚོགས་པས་གྲོས་མོལ་བྱེད་སྐབས་ཁུ་པཱ་ཕྱོགས་ཀྱིས་ཨ་མེ་རི་ཁར་ཨ་མེ་རི་ཁའི་མངའ་ཁོངས་སུ་འཇིགས་སྐུལ་རིང་ལུགས་དང་མི་སྣའི་ལྐོག་འཚོང་། དེ་མིན་ཁྲིམས་འགལ་བྱ་འགུལ་གཞན་པ་གཉེར་བའི་མི་སྣ་སྐོར་ཞིག་གི་གནས་ཚུལ་དང་འབྲེལ་ཡོད་ཀྱི་མཉམ་ལས་གྲོས་གཞི་འདོན་སྤྲོད་བྱས་པ་གླེང་ཡོད། ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པས་མཉམ་ལས་རེ་འདུན་མཚོན་པར་བྱས་པ་དང་། བསྟུད་མར་འབྲེལ་ཡོད་ཀྱི་གྲོས་མོལ་དང་གྲོས་ཚོགས་སྤེལ་བར་ཡིད་འཐད་བྱུང་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཁུ་པཱའི་འཐུས་ཚབ་ཚོགས་པ་དེ་ནང་སྲིད་པུའུ་དང་། ཕྱི་འབྲེལ་པུའུ། སྤྱི་ཁྱབ་ཞིབ་དཔྱོད་ཁང་། སྒོ་ཁྲལ་སྤྱི་ཁྱབ་ཁང་བཅས་ཀྱི་འཐུས་མིས་གྲུབ་ཡོད་པ་དང་། ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པ་དེ་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་དང་། ཁྲིམས་འཛིན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་འཐུས་མིས་གྲུབ་ཡོད་ཟེར། 

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། ཁུ་པཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་དངོས་སུ་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་དང་། ལོ་དེའི་ཟླ་བཅུ་གཅིག་པར་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་ཁྲིམས་བསྟར་སྡེ་ཁག་གིས་ཐོག་དང་པོར་མཐོ་རིམ་གྲོས་མོལ་སྤེལ། ཉིས་སྟོང་བཅུ་བདུན་ལོར་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བའི་རྗེས་སུ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཁུ་པཱའི་སྲིད་ཇུས་ཇེ་དམ་དུ་བཏང་། ཉིས་སྟོང་བཅོ་བརྒྱད་ལོར། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་ཁྲིམས་བསྟར་གྲོས་མོལ་མཚམས་བཞག་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།