ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་རིན་ཐང་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔའི་བདེ་འཇགས་རོགས་སྐྱོར་འདོན་སྤྲོད་བྱ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བཅུ་དགུ་ཉིན་ཝུའུ་ཁི་ལན་ལ་རིན་ཐང་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔའི་བདེ་འཇགས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སིའི་དྲག་ཆས་དམག་དཔུང་གི་དགོས་མཁོར་འགན་སྲུང་བྱེད་པ་ནི་ཨུ་རུ་སིའི་དམག་དོན་བཟོ་ལས་ཁེ་ལས་ཀྱི་མིག་སྔའི་ལས་འགན་གཙོ་བོ་ཡིན་ལ། ཨུ་རུ་སིའི་སྲིད་གཞུང་གིས་ཁྱབ་ཁོངས་མང་བོ་ནས་དམག་དོན་བཟོ་ལས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དགུ་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཐེངས་འདིར་རོགས་སྐྱོར་བྱེད་པའི་མཚོན་ཆར་འཁོན་ལན་སློག་མཁན་ཞེས་པའི་མཁའ་སྲུང་འཕུར་མདའི་མ་ལག་ཆ་ཚང་བརྒྱད་དང་། པུའུ་ལཱ་ཏི་ལེ་རྐང་དམག་གི་འཐབ་འཁོར་ང་དགུ། དེ་མིན་སྤྱོད་སྒོ་མང་བའི་ནུས་མཐོའི་རླངས་འཁོར་སུམ་བརྒྱ་དང་ལྔ་བཅུ་བཅས་འདུས། དེ་ནི་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བརྒྱད་པའི་ཚུན་ལ། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཐེངས་སུམ་ཅུ་བར་ཙུང་ཐུང་གི་སྲིད་འཛིན་དབང་ཆ་བེད་སྤྱད་དེ་ཝུའུ་ཁི་ལན་ལ་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་པར་ཐད་ཀར་ཆོག་མཆན་བཀོད་པ་རེད། 

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གྱིས་ཚེས་བཅུ་དགུ་ཉིན་པའོ་ལིན་ནས་འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཕིས་སི་ཐའོ་ལི་ཝུའུ་སི་དང་གྲོས་མོལ་བྱས། རྒྱལ་ཁབ་གཉིས་བར་ཉེ་སྔོན་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པའི་ཐད་འགལ་བ་མངོན་གསལ་གནས་ཡོད། བསྟུད་མར་ཉིན་འགའི་རིང་ལ། ཨ་མེ་རི་ཁས་འཇར་མན་ཕྱོགས་གཅིག་པུས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱེད་པའི་སྐུལ་མ་བཏང་ཡང་འབྲས་མེད་དུ་གྱུར། འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚེས་བཅོ་བརྒྱད་ཉིན་སུའེ་ཙེར་གྱི་ཏཱ་བོ་སི་ནས་གསར་འགོད་པའི་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། འཇར་མན་གྱིས་ཁེར་རྐྱང་དུ་འགུལ་སྐྱོད་སྤེལ་མི་སྲིད་པ་དང་། རྒྱལ་ཁབ་གཞན་པ་དང་ཁྱད་པར་དུ་ཨ་མེ་རི་ཁ་དང་མཉམ་དུ་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་བརྒྱད་ཉིན་ཧྲིན་པིས་ཏི་པའོ་རུ་དམག་དོན་བཟོ་ལས་ཁེ་ལས་ལ་རྟོག་ཞིབ་བྱེད་སྐབས་བཤད་རྒྱུར། ཨུ་རུ་སིའི་དྲག་ཆས་དམག་དཔུང་གི་དགོས་མཁོར་འགན་སྲུང་བྱེད་པ་ནི་ཨུ་རུ་སིའི་དམག་དོན་བཟོ་ལས་ཁེ་ལས་ཀྱི་མིག་སྔའི་ལས་འགན་གཙོ་བོ་ཡིན་ཟེར། ཨུ་རུ་སིའི་སྲིད་གཞུང་གིས་ཁྱབ་ཁོངས་མང་བོ་ནས་དམག་དོན་བཟོ་ལས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། དེའི་ནང་ཁེ་ལས་ལ་མ་དངུལ་འདོན་སྤྲོད་བྱས་ཏེ་མིག་སྔའི་ནོར་སྲིད་གནད་དོན་ཐག་གཅོད་བྱེད་པ་དང་། རོགས་རམ་བྱས་ཏེ་ཐོན་སྐྱེད་རྒྱ་བསྐྱེད་པ། ཆེས་དགོས་མཁོ་ཆེ་བའི་རྣམ་པ་གསར་བའི་ཐོན་རྫས་གསར་གཏོད་བྱེད་པ་སོགས་འདུས་ཡོད་ཟེར། 

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་དང་རྒྱལ་སྲུང་བློན་ཆེན་ལེ་ཙི་ནེ་ཁི་ཧྥུའུ་ཡིས་ཚེས་བཅུ་དགུ་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ལ་སྔར་བཞིན་དམག་ཤུགས་དང་སྒྲིག་ཆས་ཐད་ནས་ཁ་གྲངས་མང་བའི་ཁྱད་སྟོབས་ལྡན་པ་དང་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བའི་ཉེན་ཁ་ཡོད་པར་དམིགས་ནས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཁཱ་ནཱ་ཏཱ་དང་ཏན་མག ཧྥུན་ལན། འཇར་མན་སོགས་རྒྱལ་ཁབ་དང་། དེ་མིན་དགོས་ངེས་ཀྱི་ནུས་པ་ལྡན་པའི་རྒྱལ་ཁབ་གཞན་པས་རྒྱལ་སྤྱིའི་ཐན་ཁི་འཁོར་ལོའི་མནའ་འབྲེལ་བཙུགས་ཏེ། ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་ཐད་དོན་དངོས་ཀྱི་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་བཏང་། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། ཝུའུ་ཁི་ལན་ལ་ཨུ་རུ་སིའི་མངའ་ཁོངས་སུ་ཆམ་ཕབ་གཏོང་ཐུབ་པའི་མཚོན་ཆ་འདོན་སྤྲོད་བྱེད་པར་གྲོས་བསྡུར་བྱེད་པའི་བྱ་སྤྱོད་དེར་ཉེན་ཁ་ཧ་ཅང་ཆེ་བ་དང་། དེས་འཁྲུག་རྩོད་དེ་ཆུ་ཚད་གསར་བ་ཞིག་ཏུ་འཕར་བར་བྱས་ཡོད་ལ། བྱ་སྤྱོད་དེ་ཡོ་རོབ་གླིང་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་ལ་ཕན་ཐོགས་ཅི་ཡང་མེད་པ་མངོན་གསལ་རེད་ཟེར། 

ཝུའུ་ཁི་ལན་གྱི་ཙུང་ལི་ཧྲི་མཱེ་ཅཱ་ཨར་གྱིས་ཚེས་བཅུ་དགུ་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཐེངས་རྗེས་མའི་ཝུའུ་ཁི་ལན་གྱི་བསྐྱར་འཛུགས་གྲོས་ཚོགས་དེ་ད་ལོའི་ཟླ་དྲུག་པར་ལོན་ཏོན་ནས་སྤེལ་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་རྒྱལ་སྤྱིའི་རྒྱབ་སྐྱོར་ལ་བརྟེན་ནས་མྱུར་མོར་སླར་གསོ་འབྱུང་བ་མངོན་འགྱུར་བྱེད་རྒྱུ་ཡིན། དེ་ལས་གཞན་ཝུའུ་ཁི་ལན་ཕྱོགས་ཀྱིས་ཐེངས་རྗེས་མའི་གྲོས་ཚོགས་སྟེང་དགོས་ངེས་ཀྱི་བཅའ་ཁྲིམས་རྐྱེན་སྲོལ་ལ་གྲོས་འཆམ་བྱུང་སྟེ་ཨུ་རུ་སིའི་ཕྱོགས་ལ་ཝུའུ་ཁི་ལན་གྱི་གྱོང་གུད་ལ་སྐྱིན་ཚབ་སྤྲོད་དུ་འཇུག་པར་རེ་སྒུག་བྱས་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ནེའུ་ཙེ་ལན་སྲིད་གཞུང་གིས་ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱས་པར་དམིགས་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་ཡུན་ཚད་མེད་པར་ནེའུ་ཙེ་ལན་གྱི་སྤྱི་དམངས་སོ་གཅིག་ཨུ་རུ་སིའི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་རྒྱུ་ཡིན་པ་དང་། དེའི་ནང་སྲིད་གཞུང་གི་མི་སྣ་དང་གསར་འགོད་པ། སྤྱི་ཚོགས་བྱ་འགུལ་སྤེལ་མཁན་བཅས་འདུས་ཡོད་ཟེར། 

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཅེ་ཝ་ནཱ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཚོན་ཆའི་ཐོན་སྐྱེད་ལ་ཤུགས་སྣོན་བྱས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་ཆེད་དུ་དུས་ཡུན་རིང་བོའི་གྲ་སྒྲིག་བྱེད་དགོས་ཟེར། ཅེ་ཝ་ནཱ་ཡིས་ཉིན་དེར་བྱང་ཆིངས་རྩ་འཛུགས་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་མ་བསྡུས་གོང་གཏམ་བཤད་སྤེལ་ཏེ། ཨུ་རུ་སིར་སྣང་ཆུང་བྱེད་པ་ནི་ཉེན་ཁ་ཞིག་ཡིན་པ་དང་། ཨུ་རུ་སི་ཡིས་ཡུན་རིང་གི་འཐབ་འཁྲུག་ཅིག་ལ་གྲ་སྒྲིག་བྱེད་བཞིན་ཡོད་པས། བྱང་ཆིངས་རྩ་འཛུགས་ཀྱིས་ཀྱང་ངེས་པར་དུ་དུས་ཡུན་རིང་བོར་གྲ་སྒྲིག་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།