ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིན་ཀི་ཡིས་ཨ་མེ་རི་ཁ་དང་ཀྲུང་གོས་ཕན་ཚུན་ལ་སྔར་ལས་བཟོད་སྒོམ་གང་ལེགས་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀི་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་སྔར་ལས་བཟོད་སྒོམ་གང་ལེགས་བྱེད་དགོས་པ་དང་། ཧུར་ཐག་སྒོས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་ཕན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། 

ཨ་མེ་རི་ཁ་དང་ཀྲུང་གོའི་སྤྱིའི་ཚོང་ཚོགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལུགས་རྙིང་གི་ཡོས་བུ་ལོའི་བྱ་དགའ་སྟེར་བའི་དགོང་ཚོགས་ཉིན་དེའི་དགོང་མོར་ཉིག་ཡོ་ནས་སྤེལ། ཅི་ཞིན་ཀི་ཡིས་བརྙན་རིས་གཏམ་བཤད་སྤེལ་ཏེ། ཉེ་བའི་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་ལ། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྤྱི་ཕྱོགས་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། གྲོས་མོལ་ལ་བརྟེན་ནས་འགལ་བ་ཁྱད་དུ་སེལ་བ་དང་། འགྲན་རྩོད་ལའང་ཕལ་ཆེར་ཚོད་འཛིན་གང་ལེགས་ཐེབས་ཡོད། གནས་ཚུལ་དེ་འདྲའི་འོག རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཡིན་ཡང་རིག་གནས་མི་འདྲ་བ་གཉིས་ཀྱིས་ཕན་ཚུན་དཔྱད་ཞིབ་བྱེད་སྐབས་མཚམས་རེར་སེམས་ཁུར་འདྲ་འབྱུང་སྲིད་པའང་ལྡོག་མེད་ཡིན་ཟེར། 

ཅི་ཞིན་ཀི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་པཱ་ལི་གླིང་ཕྲན་ནས་གྲོས་མོལ་མཛད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ཀུན་གྱིས་སེམས་ཁུར་བྱེད་པའི་འཕེལ་ཕྱོགས་དེ་བསྒྱུར་འདོད་ཡོད་པའི་ཚུལ་བསྟན་ཡོད་པས། ཀུན་གྱིས་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་མང་བོའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཆོད་དོན་ལ་དགའ་བསུ་བྱེད་པ་དང་། ཀྲུང་གོས་དེའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་ཟེར། 

ཅི་ཞིན་ཀི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོས་ཕན་ཚུན་ལ་བཟོད་སྒོམ་གང་ལེགས་བྱས་ཤིང་། བློ་གྲོས་དང་ཆབ་སྲིད་མིག་རྒྱང་། ལོ་རྒྱུས་ཉམས་མྱོང་བཅས་བེད་སྤྱད་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་བཟང་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་ཕྱོགས་གཉིས་ལ་ཕན་དགོས་པར་མ་ཟད་མིའི་རིགས་ཡོངས་ལ་ཕན་པ་འབྱུང་དགོས་ལ། འཁྲུག་རྩོད་དང་ངོ་རྒོལ་ལས་གནོད་འཚེ་ཁོ་ན་འབྱུང་སྲིད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།