ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྙན་ཞུ་ལས་ཉིས་སྟོང་ཉེར་གསུམ་ལོར་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་དཔལ་འབྱོར་འཕར་སྣོན་གྱི་མདུན་ལྗོངས་བཟང་རྒྱུ་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཚེས་བཅུ་དྲུག་ཉིན་དབུ་བཞུགས་དཔལ་འབྱོར་རིག་པ་བའི་རྒྱང་བལྟ་ཞེས་པའི་སྙན་ཞུ་ཞིག་སྤེལ་ཏེ། དཔལ་འབྱོར་རིག་པ་བ་མང་ཆེ་བས་བལྟས་ན། ས་ཁུལ་བར་གྱི་ཆབ་སྲིད་གནས་བབ་ཛ་དྲག་ཡིན་པ་དང་། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་དངུལ་ལོར་སྲིད་ཇུས་སྔར་ལས་ཇེ་དམ་དུ་གཏོང་བ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ལས། ཚོད་དཔག་བྱས་ན་ད་ལོར་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་སྲིད་ལ། ཡོ་རོབ་གླིང་དང་མེ་གླིང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་སྣོན་གྱི་མདུན་ལྗོངས་ལྷག་ཏུ་བཟང་རྒྱུ་མེད་ཟེར། 

སྙན་ཞུ་ལས་བསྟན་དོན། སུམ་ཆའི་གཉིས་ཙམ་གྱི་དབུ་བཞུགས་དཔལ་འབྱོར་རིག་པ་བས་ཚོད་དཔག་བྱས་ན། ཉིས་སྟོང་ཉེར་གསུམ་ལོར་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་སྲིད་ཟེར། 

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཏུང་ཧྲི་ཀྲ་ཞེ་ཏིས་ཀྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དེ་གཏན་འཇགས་མིན་པའི་རྣམ་པར་གནས་ཡོད་ལ། མིག་སྔའི་དངུལ་ལོར་ཚད་བརྒལ་འགྲེམ་པ་དང་འཕར་ཚད་དམའ་བ། བུ་ལོན་མཐོ་བ། དུམ་ཆག་མང་བའི་ཁོར་ཡུག་ལས། དཔལ་འབྱོར་འཕར་སྣོན་སླར་གསོ་དང་འཛམ་གླིང་ཡོངས་ཀྱི་ཆེས་ཉམ་ཞན་གྱི་ཚོགས་པའི་འཚོ་བའི་ཆུ་ཚད་ལེགས་བཅོས་བྱེད་པའི་ཐད་མཁོ་བའི་མ་དངུལ་གཏོང་བའི་སྒུལ་ཤུགས་ཇེ་ཞན་དུ་སོང་ཡོད་ཟེར། 

སྙན་ཞུ་ལས་བསྟན་དོན། བཅར་འདྲི་བྱས་པའི་དཔལ་འབྱོར་རིག་པ་བ་ཚང་མས་ཚོད་དཔག་བྱས་ན། ཉིས་སྟོང་ཉེར་གསུམ་ལོར་ཡོ་རོབ་གླིང་གི་དཔལ་འབྱོར་འཕར་སྣོན་གྱི་མདུན་ལྗོངས་ཧ་ཅང་ཞན་པར་འདོད་པ་དང་། བརྒྱ་ཆའི་གོ་གཅིག་གི་དཔལ་འབྱོར་རིག་པ་བས་ཚོད་དཔག་བྱས་ན་ཨ་མེ་རི་ཁའི་དཔལ་འབྱོར་འཕར་སྣོན་མདུན་ལྗོངས་ཀྱང་ཧ་ཅང་ཞན་པར་འདོད། 

དཔལ་འབྱོར་རིག་པ་བ་ཕྱེད་ཀ་ལྷག་གིས་ཚོད་དཔག་བྱས་ན། ཉིས་སྟོང་ཉེར་གསུམ་་ལོར་ཡོ་རོབ་གླིང་གི་དངུལ་ལོར་ཚད་བརྒལ་འགྲེམ་པའི་ཆུ་ཚད་སྔར་བཞིན་མཐོན་པོ་ཡིན་ཟེར། བཞི་ཆའི་གཅིག་གི་དཔལ་འབྱོར་རིག་པ་བས་བལྟས་ན། ཨ་མེ་རི་ཁའི་དངུལ་ལོར་ཚད་བརྒལ་འགྲེམ་པའི་གནད་དོན་སྔར་བཞིན་ཐག་གཅོད་བྱེད་དཀའ་བར་འདོད། དབུ་བཞུགས་དཔལ་འབྱོར་རིག་པ་བ་མང་ཆེ་བས་ཚོད་དཔག་བྱས་ན། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་དང་ཨ་མེ་རི་ཁའི་རྒྱུ་ནོར་མཉམ་འབྲེལ་གསོག་འཇོག་ཁང་གིས་དངུལ་ལོར་སྲིད་ཇུས་སྔར་ལས་ཇེ་དམ་དུ་གཏོང་རྒྱུ་རེད་ཟེར། 

སྙན་ཞུ་ལས་ད་རུང་བསྟན་དོན། བཅར་འདྲི་བྱས་པའི་དཔལ་འབྱོར་རིག་པ་བ་ཚང་མས་བལྟས་ན། ས་ཁུལ་བར་གྱི་ཆབ་སྲིད་རྒྱུ་རྐྱེན་གྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བྱ་འགུལ་གྱི་ཇུས་གཞིར་ཤུགས་རྐྱེན་ཐེབས་སྲིད་པ་དང་། ཉོ་ཚོང་དང་དངུལ་གཏོང་། ངལ་རྩོལ་ནུས་པ། ལག་རྩལ་འཁོར་རྒྱུག་སོགས་ཐད་ནས་ཁེ་ལས་ལ་སྔར་ལས་མང་བའི་འགྲན་རྩོད་དང་གོ་སྐབས་བསྐྲུན་སྲིད་པར་འདོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།