ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་འགལ་བ་ཐག་གཅོད་བྱས་ཏེ་ཡིད་ཆེས་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་སུའེ་ཙེར་གྱི་ཏཱ་བོ་སི་ནས། འཛམ་གླིང་ཡོངས་ཀྱིས་འགལ་བ་ཐག་གཅོད་དང་ཡིད་ཆེས་སླར་གསོ་བྱས་ཏེ། ལག་རྡང་སྦྲེལ་ནས་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་སྟེང་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། འཛམ་གླིང་ཧྲིལ་བོ་གཅིག་འབྲེལ་གཅིག་བརྟེན་གྱི་འགྲན་རྩོད་ལ་འཕྲད་ཡོད་ཅིང་། དེའི་ནང་མི་རབས་འགའི་རིང་ལ་ཆེས་ཚབས་ཆེ་བའི་ས་ཁུལ་བར་གྱི་ཆབ་སྲིད་འགལ་བ་དང་ཡིད་ཆེས་མེད་པའི་སྣང་ཚུལ་འདུས་པས། ང་ཚོས་འགལ་བ་དེ་དག་ཡོད་ཚད་ཐག་གཅོད་བྱས་ཏེ་ཡིད་ཆེས་སླར་གསོ་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ང་ཚོའི་འཛམ་གླིང་འདིའི་ཕྱོགས་མང་བོར་ཉམ་ངའི་སྣང་ཚུལ་བྱུང་ཡོད། མིག་སྔའི་འཛམ་གླིང་དེ་དཔལ་འབྱོར་འཕར་ཚད་དལ་བ་དང་། འཚོ་བའི་མ་རྩའི་ཉམས་ཉེན། མཁོ་འདོན་གྱི་རྒྱུན་ཆད་པ། ས་ཁུལ་བར་གྱི་ཆབ་སྲིད་འཁྲུག་རྩོད། པྲོག་གསར་གློ་ཚད་རིམས་ནད། ནམ་ཟླའི་ཉམས་ཉེན་སོགས་འགྲན་རྩོད་སྣ་ཚོགས་ལ་འཕྲད་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ལོ་ཚོགས་ཀྱི་བརྗོད་སྙིང་ལས་དེང་སྐབས་འཛམ་གླིང་གི་དཀའ་སྡུག་གི་གནས་བབ་ཏེ། ང་ཚོས་མཉམ་ལས་བྱེད་དགོས་ཀྱང་ང་ཚོ་ཁ་བྲལ་ལ་འཕྲད་སྲིད་ཅེས་པ་རྒྱས་བཤད་བྱས། ཁོས་སྔར་ལས་འདྲ་མཉམ་གྱི་འཛམ་གླིང་ཡོངས་ཀྱི་དངུལ་ལོར་མ་ལག་བཅོས་བསྒྱུར་དང་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་ཆེད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་མ་དངུལ་གྱི་རྒྱབ་སྐྱོར་ལྷག་ཏུ་མཁོ་བ་དང་། དེ་ལས་དབུལ་སེལ་དང་འབྲུ་རིགས་ཀྱི་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་བྱ་བར་རྒྱབ་སྐྱོར་ཐོབ་དགོས་ཟེར། ཁོས་ཁོངས་གཏོགས་རྒྱལ་ཁབ་ཚང་མས་དོན་སྙིང་ལྡན་པའི་ནམ་ཟླའི་འགུལ་སྐྱོད་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་བུད་མེད་དག་དཔལ་འབྱོར་ནང་ཞུགས་པའི་གོ་སྐབས་ལེགས་བཅོས་བྱེད་དགོས་པ་དང་། འགོག་སྨན་གྱི་འདྲ་མཉམ་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཆུ་ཚད་མཐོར་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་། 

སྐབས་འདིའི་ལོ་ཚོགས་ཚེས་བཅུ་དྲུག་ཉིན་སུའེ་ཙེར་ཤར་ཕྱོགས་ཀྱི་གྲོང་རྡལ་ཆུང་བ་ཏཱ་བོ་སི་ནས་སྤེལ་མགོ་བརྩམས་པ་དང་། བརྗོད་སྙིང་ནི་ཁ་བྲལ་གྱི་འཛམ་གླིང་དུ་མཉམ་ལས་ལ་ཤུགས་སྣོན་དགོས་ཞེས་པ་དེ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།