ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ལོ་ཏི་ཡཱའི་ཁུའུ་ནཱ་ཤོག་སྒོར་དངོས་སུ་བཀོལ་སྤྱོད་བྱེད་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ལོ་ཏི་ཡཱའི་སྲིད་གཞུང་གི་གཏན་འཁེལ་ལྟར་ན། ཚེས་བཅོ་ལྔ་ཉིན་གྱི་ཞོགས་པ་ནས་བཟུང་ཁྲིམས་བཅད་ལྟར་ལོ་ངོ་ཉེར་བརྒྱད་རིང་དངུལ་ལོར་འཁོར་རྒྱུག་བྱས་པའི་ཁུའུ་ནཱ་ཤོག་སྒོར་དངོས་སུ་བཀོལ་སྤྱོད་བྱེད་མཚམས་བཞག་པ་དང་། ད་ནས་བཟུང་ཡོ་སྒོར་གྱིས་ཁུའུ་ནཱ་ཤོག་སྒོར་གྱི་ཚབ་བྱས་ཏེ་ཁི་ལོ་ཏི་ཡཱའི་ཁྲིམས་བཅད་དངུལ་ལོར་གཅིག་པུར་འགྱུར་ངེས་རེད། 

ཁི་ལོ་ཏི་ཡཱ་ད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ཡོ་སྒོར་བཀོལ་བའི་ས་ཁུལ་དུ་ཞུགས་པ་ཡིན་ལ། སྡོད་དམངས་དག་ཡོ་སྒོར་ལ་གོམས་སུ་འཇུག་པར་རོགས་རམ་བྱེད་ཆེད། ཁི་ལོ་ཏི་ཡཱའི་སྲིད་གཞུང་གིས་ཚེས་གཅིག་ཉིན་གྱི་ཞོགས་པ་ནས་བཟུང་ཚེས་བཅུ་བཞི་ཉིན་གྱི་ནམ་གུང་བར་ཁུའུ་ནཱ་ཤོག་སྒོར་དང་ཡོ་སྒོར་མཉམ་སྤྱོད་བྱེད་པའི་དུས་སྐབས་སུ་གཏན་འཁེལ་བྱས་ཡོད་ལ། ཚེས་བཅོ་ལྔ་ཉིན་གྱི་ཞོགས་པ་ནས་བཟུང་ཁུའུ་ནཱ་ཤོག་སྒོར་བཀོལ་སྤྱོད་བྱེད་མཚམས་འཇོག་རྒྱུ་རེད། 

ཁི་ལོ་ཏི་ཡཱ་ཡོ་སྒོར་བཀོལ་བའི་ས་ཁུལ་ནང་ཞུགས་རྗེས། སྡོད་དམངས་དག་གི་དངུལ་བྱང་སྟེང་གི་ཁུའུ་ནཱ་ཤོག་སྒོར་དེ་ཡོ་སྒོར་དང་ཁུའུ་ནཱ་ཤོག་སྒོར་གྱི་བསྡུར་ཚད་ལྟར་རང་འགུལ་གྱིས་ཡོ་སྒོར་ལ་བརྗེས་པ་དང་། ཉིས་སྟོང་ཉེར་གསུམ་ལོའི་ལོ་ཧྲིལ་བོའི་ནང་། སྡོད་དམངས་དག་དངུལ་ཁང་སོ་སོ་དང་སྦྲགས་ཁང་སོགས་སུ་སོང་ནས་རང་གི་ལག་གི་ཁུའུ་ནཱ་ཤོག་སྒོར་དེ་ཡོ་སྒོར་དུ་བརྗེ་ཆོག་ལ། ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ཁི་ལོ་ཏི་ཡཱའི་ཀྲུང་དབྱང་དངུལ་ཁང་དུ་རིན་མེད་ཀྱིས་བརྗེ་ཆོག་པ་རེད། 

ཁི་ལོ་ཏི་ཡཱའི་ཀྲུང་དབྱང་དངུལ་ཁང་གིས་ཚོད་དཔག་བྱས་པ་ལྟར་ན། དངུལ་ལོར་བརྗེ་སྤོར་བྱེད་པར་ཕྱིར་བསྡུ་བྱས་པའི་ཁུའུ་ནཱ་ཤོག་སྒོར་དུང་ཕྱུར་ལྔ་ལས་བརྒལ་སྲིད་པ་དང་། ཁུའུ་ནཱ་ལྕགས་སྒོར་གྱི་ལྗིད་ཚད་ཏུན་སྟོང་ལྔ་དང་ཉིས་བརྒྱར་བསླེབ་སྲིད། དེ་རྣམས་འཕྲུལ་ཆས་བཀོལ་ནས་གཏུབ་གཅོད་དང་ཞུ་རུ་འཇུག་རྒྱུ་རེད། ཁོར་སྲུང་རྒྱུ་རྐྱེན་དབང་གིས་ཕྱིར་བསྡུ་བྱས་པའི་ཁུའུ་ནཱའི་ཤོག་སྒོར་མེར་བསྲེག་རྒྱུ་མིན་པ་དང་། ཞིབ་མོར་འཐག་རྗེས་སྤྱི་བའི་བཟོ་སྐྲུན་གྱི་རྒྱུ་ཆས་སུ་བཀོལ་རྒྱུ་ཡིན་ལ། ལྕགས་སྒོར་དག་ཞུས་རྗེས་གཞན་དུ་བཀོལ་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།