ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཉིང་རྡུལ་མཚོན་ཆ་ཐོག་མར་བེད་སྤྱོད་གཏོང་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བདུན་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ཉིང་རྡུལ་མཚོན་ཆ་ཐོག་མར་བེད་སྤྱོད་གཏོང་མི་སྲིད་ལ། ཉིང་རྡུལ་མཚོན་ཆ་ནི་འགོག་སྲུང་བྱེད་ཐབས་ཤིག་དང་ཕྱིར་རྒོལ་གྱི་བྱེད་ཐབས་ཙམ་དུ་བསམ་ཡོད་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་བརྙན་ལམ་བརྒྱུད་དེ་སྤྱི་དམངས་སྤྱི་ཚོགས་དང་འགྲོ་མིའི་ཐོབ་ཐང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་བསྡུ་སྐབས་བསྟན་དོན། ཉིང་རྡུལ་ནུས་པའི་འཐབ་འཁྲུག་གི་འཇིགས་ཉེན་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཨུ་རུ་སི་ཡིས་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་དང་ཉིང་རྡུལ་མཚོན་ཆ་དེ་འགོག་སྲུང་བྱེད་ཐབས་ཤིག་ཏུ་བརྩིས་ཡོད་ལ། རང་ཉིད་ལ་ཆམ་ཕབ་དྲག་པོ་ཐེབས་པའི་གནས་ཚུལ་འོག་ད་གཟོད་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 

ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སིའི་རིག་ལམ་ཉམས་མེད་ལ། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོར་ཉིང་རྡུལ་མཚོན་ཆའི་འཇིགས་ཉེན་བཟོ་མི་སྲིད་པ་དང་། ཉིང་རྡུལ་མཚོན་ཆ་དེ་འཁྲུག་རྩོད་རྒྱ་བསྐྱེད་དུ་འགྲོ་བར་སྔོན་འགོག་བྱེད་པའི་ཟིལ་ཤུགས་རང་བཞིན་གྱི་རྒྱུ་ཞིག་ཡིན་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁ་དང་མི་འདྲ་བར་ཨུ་རུ་སི་ཡིས་རྒྱལ་ཁབ་གཞན་པར་ལག་རྩལ་གྱི་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱས་མེད། ཨུ་རུ་སི་ཡིས་རང་གི་ཉིང་རྡུལ་མཚོན་ཆ་དེ་གཞན་ལ་བོགས་གཏོང་བྱེད་པའི་སྣང་ཚུལ་སྔོན་ཆད་མེད་ལ་ཕྱིན་ཆད་ཀྱང་ཡོད་མི་སྲིད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།