ཀྲུང་གོ་བོད་ཀྱི་དྲ་བ།

​རྒྱལ་ཁབ་མང་པོའི་མགོ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་མང་པོས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཞུས།

ཡོང་ཁུངས། : ​ཀྲུང་གོ་གསར་འགྱུར་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་ཁབ་མང་པོའི་མགོ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་མང་པོས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་བའམ་བྱེད་ཐབས་གཞན་དག་བརྒྱུད་དེ་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཞུས།

ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ཨ་ཀྲུང་མཛའ་གྲོགས་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་གཏིང་ཆེད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ། ཀྲུང་གོའི་མི་དམངས་ཡོངས་ལ་མྱ་ངན་ཞུ་རྒྱུ་ཡིན།

སེ་ཧྲེར་གྱི་ཙུང་ཐུང་ལ་མུའུ་ཁ་ལ་ཝང་གིས་བསྟན་དོན། སྐུ་ཞབས་ཅང་ཙེ་རྨིན་གྱིས་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་བ་དང་། སྤྱི་ཚོགས་འཕོ་འགྱུར་ཡོང་བར་སྣེ་ཁྲིད་དེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་མཐོང་ཐུབ་པའི་གྲུབ་འབྲས་བླངས་ཡོད། སྐུ་ཞབས་ཅང་ཙེ་རྨིན་གྱིས་དེང་གི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བར་རྨང་གཞི་ཡག་པོ་བཏིངས།

ཨེ་ལི་ཐེ་ལི་ཡའི་ཙུང་ཐུང་དབྱི་ས་ཡ་སི་ཡིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་རྨིན་གཟིགས་རྒྱང་རིང་ལ་རྣམ་དཔྱོད་དང་ལྡན་ཞིང་། ལོ་བཅུ་ཕྲག་རིང་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་བ་དང་། རྒྱལ་སྤྱིའི་གནས་བབ་མངོན་གསལ་དོད་པོས་མཐོ་རུ་འགྲོ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུ་ཡིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ན་སྨི་པི་ཡའི་རང་བཙན་དང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་གསུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་ཞུ། ཀྲུའུ་ཞི་ཅང་ཙེ་རྨིན་སྐུ་གཤེགས་པ་ནི་ཀྲུང་གོ་མི་དམངས་དང་ཀྲུང་གོ་གུང་ཁྲན་ཏང་གི་གྱོང་གུན་མ་ཟད། ན་སྨི་པི་ཡའི་གྱོང་གུན་ཡང་ཡིན།

ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ཡིས་བསྟན་དོན། མི་རྣམས་ཀྱིས་སྐུ་ཞབས་ཅང་ཙེ་རྨིན་གྱིས་ཀྲུང་གོའི་འཕེལ་རྒྱས་མགྱོགས་པོ་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་བྱ་གཞག་ཆེད་ཕུལ་བའི་ལེགས་སྐྱེས་ནམ་ཡང་སེམས་སུ་བརྟན་པོར་འཛིན།

པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས་བསྟན་དོན། སྐུ་ཞབས་ཅང་ཙེ་རྨིན་གྱི་མགོ་ཁྲིད་འོག ཀྲུང་གོར་ཁྱད་དུ་འཕགས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་སྟེ། མི་དམངས་ཁྲི་སྟོང་མང་པོ་དབུལ་ཕོངས་ཀྱི་གནས་ལས་སྒྲོལ། སྐུ་ཞབས་ཅང་ཙེ་རྨིན་གྱི་ཁྱིམ་མི་དང་ཀྲུང་གོའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ།

ཡེ་མན་ཙུང་ཐུང་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ལི་མེ་དང་། མ་ལ་ཝེའི་ཙུང་ཐུང་ཁྲ་ཁེ་ཝེ་ལ་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་མང་པོ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་མང་པོས། བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཞུས་ཤིང་། བློ་མཐུན་ཅང་ཙེ་རྨིན་གྱི་ཁྱིམ་མི་དང་ཀྲུང་གོའི་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།