ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས2030ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་བསྡུ་བའི་ས་གནས་ཁྱབ་བསྒྲགས་བྱ་རྒྱུ་མིན་ཞེས་བསྒྲགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས6ཉིན། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས། གནམ་གཤིས་འགྱུར་ལྡོག་གིས་དགུན་དུས་འགྲན་རྩལ་གྱི་རྣམ་གྲངས་ལ་ཤུགས་རྐྱེན་ཐེབས་པར་གཞིགས་ཏེ་རྒྱུན་སྲོལ་ལྟར་འགྲན་བསྡུར་མ་བྱས་གོང་གི་ལོ་བདུན་པར2030ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་བསྡུ་བའི་ས་གནས་ཁྱབ་བསྒྲགས་བྱ་རྒྱུ་མིན་ཞེས་ཁྱབ་བསྒྲགས།

རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཉིན་གཉིས་པའི་གྲོས་ཚོགས་སྟེང་། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཨའོ་ཁེ་ཐ་ཝེ་ཨན་·མོ་ལ་ལིའུ་ཡིས་སྙན་ཞུ་ཞིབ་ཕྲ་ཕུལ་ཞིང་། སྙན་ཞུ་ནང་གཙོ་བོ་གཤམ་གསལ་གྱི་གནད་དོན་འགའ་གླེང་ཡོད་དེ། གནམ་གཤིས་ཇེ་དྲོ་རུ་ཕྱིན་པ་དང་བསྟུན་ནས་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བསྡུ་བར་འོས་ཤིང་འཚམ་པའི་ས་ཁུལ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་དགུན་དུས་རྣམ་གྲངས་རྐྱང་པའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དགུན་དུས་རྣམ་གྲངས་ཀྱི་འགྲན་བསྡུར་སྒྲིག་རིམ་དང་མི་མངོན་པའི་རྣམ་གྲངས་གསར་པ་ལེགས་སྒྲིག་བྱེད་པར་གྲོས་བསྡུར་བྱེད་དགོས་པ། དགུན་དུས་ཨོ་རྩལ་འགྲན་ཚོགས་བསྡུ་བའི་ས་གནས་གཏན་ཁེལ་བྱས་ཏེ་མ་འོངས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ཐོབ་ཐང་ཡོད་པའི་ས་གནས་ཁོ་ནར་རེས་འཁོར་ནས་བསྡུ་པར་གྲོས་བསྡུར་བྱ་རྒྱུ།  དགུན་དུས་ཨོ་རྩལ་འགྲན་ཚོགས་བསྡུ་བའི་གནམ་གཤིས་ཆ་རྐྱེན་དང་འོས་འཚམ་ཡིན་མིན་བདེན་དཔང་བྱ་ཆེད་འདས་པའི་ལོ་བཅུ་རིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བསྡུ་ཡུལ་གྱི(སྤྱི་བཏང་དུ་ཟླ་བ་གཉིས་པ་ཡིན)ཆ་སྙོམས་དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ་དུ་ཡིན་པའི་བདེན་དཔང་ཡི་གེ་མཁོ་སྤྲོད་བྱ་དགོས་པ་བཅས་ཡིན།

སྙན་ཞུ་ལས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་མ་འོངས་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་སའི་ཨུ་ཡོན་ལྷན་ཚོགས་ལ་དུས་ཚོད་མང་པོ་བྱིན་ནས་རྒྱུ་རྐྱེན་སྣ་ཚོགས་ལ་དཔྱད་འཇོག་བྱེད་དུ་འཇུག་རྒྱུ་དང་། ཆེས་འོས་ཤིང་འཚམ་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་ས་འདེམས་བསྐོ་བྱེད་དུ་འཇུག་རྒྱུ་ཐག་བཅད། འདིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཚོགས་ཀྱིས་སྔོན་གྱི་འཆར་གཞི་ལྟར2023ལོའི་ཚང་འཛོམས་གྲོས་ཚོགས་ཐེངས140བའི་སྟེང2030ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་ཡུལ་གཏན་ཁེལ་མི་བྱེད་པ་མཚོན་ཡོད།

 རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཚོགས་ཀྱིས། 2030ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་བར་རེ་ཞུ་བརྒྱག་བཞིན་པའི་གྲོང་ཁྱེར་གསུམ་པོའང་ཉིན་དེར་བརྡ་ཐོ་བཏང་ཟིན་མོད། རེ་ཞུའི་གྲོང་ཁྱེར་གསུམ་གྱི་མིང་གླེང་མེད་པ་རེད། དེ་སྔོན་གནས་ཚུལ་སྤེལ་བར་གཞིགས་ན་རེ་ཞུ་བརྒྱག་བཞིན་པའི་གྲོང་ཁྱེར་ནི་ཨ་རིའི་ཡན་ཧུའུ་གྲོང་ཁྱེར་དང་འཇར་པན་གྱི་ཀྲ་ཧོང་། ཁ་ན་ཏའི་ཝུན་ཀེ་ཧྭ་བཅས་ཡིན།

རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ད་དུང2030ལོ་དང2034ལོའི་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བསྡུ་བའི་དབང་ཆ་གནང་རྒྱུར་གྲོས་བསྡུར་བྱས་ཀྱང་བསམ་ཚུལ་གཅིག་མཐུན་མ་བྱུང་པ་ཡིན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།