ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་མི་སྣས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་མི་སྣས་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སྡུག་སེམས་མཉམ་སྐྱེད་དང་། ཁོང་གིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་བཏང་བ་མ་ཟད། ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་མཐོར་འདེགས་ཆེན་པོ་བཏང་ཡོད་ཅེས་བསྟན།

པར་ཙིལ་གྱི་ཧྲེན་པའོ་ལོ་མངའ་སྡེ་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བའི་དགེ་རྒན་ཆེན་མོ་བ་ཕི་ལེ་སེ་ཡིས་བཤད་རྒྱུར། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཟུར་པ་ཅང་ཙེ་རྨིན་གྱིས་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་གནང་བ་དང་། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ལ་གལ་ཆེའི་མཆོངས་སྐྱོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་ལ། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་འགན་བཞེས་དུས་ཡུན་རིང་། ཀྲུང་གོའི་སྣེ་ཁྲིད་དེ་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ལས་དོན་ནང་ཧུར་ཐག་གིས་ཞུགས་ཤིང་། ཀྲུང་གོའི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད།

ཙན་པི་ཡའི་ཀྲུང་གོའི་མཛའ་མཐུན་ཚོགས་པའི་དྲུང་ཡིན་ཆེན་མོ་གཞོན་པ་མུའུ་ཧྥུ་ཉི་ཡིས་བཤད་རྒྱུར། ཐོག་མར་ངས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་ང་རང་ཉིད་ཀྱིས་གུས་བར་འོས་བའི་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུ་རྒྱུ་ཡིན། བློ་མཐུན་ཅང་ཙེ་རྨིན་གྱིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཐད་ཐུགས་ཁུར་ཟབ་མོ་གནང་བ་དང་།  སྐབས་དེའི་ཙན་པི་ཡའི་ཙུང་ཐུང་ཆི་ལུ་པས་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་གནང་བ་དང་། སྐབས་དེར་ཙམ་པི་ཡར་ཐན་སྐྱོན་བྱུང་ནས་རྒྱལ་ཡོངས་སུ་འབྲུ་རིགས་འདང་གི་མེད། ཀྲུའུ་ཞི་ཅང་ཙེ་རྨིན་གྱིས་ང་ཚོ་ཙན་པི་ཡའི་ཞིང་ལས་སྡེ་ཁག་ལ་ཁ་ཚ་དགོས་གཏུགས་སུ་གྱུར་བའི་རོགས་རམ་གནང་། དེའི་ནང་འབྲུ་རིགས་རོགས་སྐྱོར་དང་གོང་འཕེལ་རོགས་སྐྱོར་སོགས་ཚུད་ཡོད།

ཨ་རིའི་ཁུ་ཨེན་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཁུ་ཨེན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཅང་ཙེ་རྨིན་ནི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་ཅིག་ཡིན་པ་དང་། བློ་གྲོས་ཀྱིས་ཕྱུག་ཅིང་རང་རྒྱལ་ཁབ་ལ་དགའ་ཞེན་ཆེན་པོ་ལྡན། ཁོང་གིས་ཀྲུང་གོར་རླབས་ཆེའི་འཕོ་འགྱུར་ཡོང་བར་བྱས་ཤིང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཆེད་ལམ་སྟོན་གནང་ཡོད།

ཨུ་རུ་སུའི་ཐ་སེ་གསར་འགྱུར་ཁང་གི་ཧྲི་ཀྲང་གཞོན་པ་དང་པོ་གུ་སེ་མན་གྱིས་བཤད་རྒྱུར། ཐོག་མར་ངས་ཀྲུའུ་ཞི་ཅང་ཙེ་རྨིན་གྱི་གཉེན་ཉེ་དང་ཀྲུའུ་གོའི་མི་དམངས་ཡོངས་ལ་སྐྱོ་གདུང་ཆེན་པོས་མྱ་ངན་དང་འཚམས་འདྲི་ཞུ་རྒྱུ་དང་། ཁོང་གིས་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། ཀྲུང་གོའི་མི་དམངས་ཀྱི་ཁྱད་དུ་འཕགས་པའི་མགོ་ཁྲིད་ཅིག་རེད། སྐལ་བ་བཟང་བས་ངས་སྔོན་ཆད་ཁོང་ལ་བཅར་འདྲི་བྱས་མྱོང་། ཁོང་གི་བཀའ་མོལ་ལས་ཀྲུང་གོའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་བསམ་གཞིགས་ཟབ་མོ་གནང་བ་མངོན་ཞིང་། སྔོན་མཐོང་རང་བཞིན་ཆེན་པོ་ལྡན།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།