ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ཡིས་དབྱི་ལིང་དང་དབྱི་རག་བར་གྱི་གཉིས་ཕན་མཉམ་ལས་ལ་སྔར་ལས་ཤུགས་སྣོན་དགོས་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས29ཉིན་དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ཡིས། དབྱི་རག་གི་ཙུང་ལི་སུའུ་ཏ་ཉི་ཡིས་འཚམས་འདྲི་ཚོགས་པ་ཁྲིད་དེ་དབྱི་ལིང་ལ་འཚམས་འདྲི་གནང་བ་དེ་ནི“རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འགྱུར་བ་འབྱུང་རྒྱུ”ཡིན་པས་ཐེངས་འདིའི་འཚམས་འདྲི་བརྒྱུད“རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་ཇེ་བརྟན་དུ་གཏོང་བར”རེ་བ་ཡོད་ཅེས་གསུངས།

པར་འདི་ནི་ཟླ11པའི་ཚེས29ཉིན་དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ཡིས་དབྱི་རག་གི་ཙུང་ལི་སུའུ་ཏ་ཉི་དང་མཉམ་དུ་མཉམ་འབྲེལ་གསར་འགྱུར་ཚོགས་འདུ་འཚོགས་བཞིན་པའི་རྣམ་པ་རེད། 

དབྱི་ལིང་གི་ཙུང་ཐུང་དྲ་ཚིགས་སྟེང་སྤེལ་བའི་གསར་འགྱུར་ལྟར་ན། ཉིན་དེར་ཏེ་ཧེ་ལན་དུ་འཚོགས་པའི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ལའེ་ཞི་ཡིས་དབྱི་ལིང་དང་དབྱི་རག་བར་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས། སྤྱི་ཚོགས། རིག་གནས། ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་ཐད“མཉམ་ལས་ཡག་པོ་དང་དམ་ཟབ”བྱེད་བཞིན་ཡོད་པས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བརྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས།

 ས་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་གི་གནད་དོན་སྐོར་གླེང་སྐབས། ལའེ་ཞི་ཡིས“རང་ས་ཁུལ་ཀྱི་བདེ་འཇགས་དང་ཞི་བདེ། བརྟན་བརླིང་ཡོང་བར་ངེས་པར་དུ་ས་ཁུལ་དེ་གའི་རྒྱལ་ཁབ་ཀྱིས་འདོན་སྤྲོད་བྱ་དགོས”པ་ལས་ཨ་རི་སོགས་ཕྱིའི་སྟོབས་ཤུགས་ཀྱིས་ས་ཁུལ་དེར་བདེ་འཇགས་བསྐྲུན་མི་སྲིད་ལ། ཨ་རིའི་དམག་དཔུང་ས་ཁུལ་དེ་ནས་ཕྱིར་འཐེན་བྱས་ན་ས་ཁུལ་དེ་གའི་ཞི་བདེ་དང་བརྟན་བརླིང་། བདེ་འཇགས་ཡོང་པར་ཕན་ཐོགས་ཡོད་ཅེས་བསྟན།

སུའུ་ཏ་ཉི་ཡིས་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཁྱབ་ཁོངས་དང་ས་ཁུལ་གྱི་བདེ་འཇགས། དེ་མིན་འཇིགས་སྐུལ་རིང་ལུགས་དང་དུག་རྫས་ལ་རྡུང་རྡེག་གཏོང་བའི་འཐབ་རྩོད་ཐད་ལག་གདང་མཉམ་སྦྲེལ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད་ཅེས་ནན་གྱིས་བསྟན་པ་མ་ཟད། ཁོས་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་ནི་ཁ་འབྲལ་ཐབས་མེད་ལ། དེ་ནི་ས་ཁུལ་ཡོངས་ཀྱི་བདེ་འཇགས་ཀྱི་ཆ་ཤས་ཤིག་ཡིན། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དཔོན་རིགས་ཀྱིས་ཐེངས་འདིའི་འཚམས་འདྲི་བྱེད་སྐབས་གྲོས་བསྡུར་བརྒྱུད་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བར་འཚོལ་ཞིབ་བྱ་དགོས་པར་བཤད། 

ཉེ་ཆར། དབྱི་ལིང་དབྱི་སི་ལན་གསར་བརྗེའི་སྲུང་དམག་རུ་ཁག་གིས་འཕུར་མདའ་དང་མི་མེད་གནམ་གྲུ་སྤྱད་ནས་དབྱི་རག་བྱང་རྒྱུད་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ནང་ཁུལ་གྱི་དམིགས་འབེན་ལ་རྡུང་རྡེག་ཐེངས་མང་བཏང་བ་རེད། དབྱི་ལིང་ཕྱོགས་ཀྱིས་རྡུང་རྡེག་ཐེབས་པའི་དམིགས་ཡུལ་ནི་དབྱི་རག་གི་མངའ་ཁོངས་བེད་སྤྱད་དེ“དབྱི་ལིང་གི་འཇིགས་སྐུལ་རིང་ལུགས་དང་རྒོལ་གཏིང་སློག་པའི་བྱ་འགུལ་ལ་འཆར་གཞི་དང་རྒྱབ་སྐྱོར། སྒྲིག་འཛུགས། ལག་བསྟར་བཅས་བྱེད་པའི”“འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས་ཀྱི་ཚོགས་པ”ཞིག་རེད། ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཀྱིས་དབྱི་ལིང་གི་བྱ་སྤྱོད་འདིས་དབྱི་རག་ཏུ་ཡུལ་གྱར་བྱེད་བཞིན་པའི་དབྱི་ལིང་ཁུའུ་ཨར་ཏི་ངོ་རྒོལ་ཕྱོགས་ཁག་གི་རྩ་འཛུགས་ལ་དམིགས་པ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།