ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ལྐོག་འཚོང་འབར་རྫས་ཧྲིན་བྱེ་བ་གཅིག་དང་ས་ཡ་གཅིག་དྲུད་པའི་ཕྱི་རྒྱལ་གྱི་སྣུམ་འདྲུད་གྲུ་གཟིངས་ཤིག་བཀག་སྐྱིལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ལྷོ་ཕྱོགས་ཀྱི་ཧའོ་ཨར་མུའུ་ཙི་ཀན་ཞིང་ཆེན་གྱི་ཁྲིམས་འཛིན་སྡེ་ཁག་གིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་མཚོ་ཁུགས་མཚོ་ཁོངས་ནས་ལྐོག་འཚོང་འབར་རྫས་ཧྲིན་བྱེ་བ་གཅིག་དང་ས་ཡ་གཅིག་དྲུད་པའི་ཕྱི་རྒྱལ་གྱི་སྣུམ་འདྲུད་གྲུ་གཟིངས་ཤིག་བཀག་སྐྱིལ་བྱས་པ་དང་། གྲུའི་སྟེང་གི་གྲུ་བ་ཚང་མ་འཛིན་བཟུང་བྱས་ཟེར། 

ཧའོ་མུའུ་ཙི་ཀན་ཞིང་ཆེན་གྱི་ཁྲིམས་འཛིན་སྡེ་ཁག་གི་འགན་ཁུར་བ་ཅཱ་ཧི་མཱ་ནེ་ཡིས་བཤད་རྒྱུར། རྩ་འཛུགས་ཡོད་པའི་ལྐོག་འཚོང་བྱ་འགུལ་ལ་མྱུལ་ཞིབ་དང་ཆམ་ཕབ་གཏོང་བའི་བྱ་བའི་ཁག་ཅིག་ཡིན་པའི་ཆ་ནས། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་མཚོ་ཐོག་སྟོབས་ཤུགས་ཀྱིས་ཟླ་ངོ་གཅིག་རིང་ལག་རྩལ་དང་གསང་འཕྲིན་བྱ་བ་སྤེལ་ཏེ། སྣུམ་འདྲུད་གྲུ་གཟིངས་དེ་བཀག་སྐྱིལ་བྱས་པ་ཡིན་ཟེར། ཅཱ་ཧི་མཱ་ནེ་ཡིས་བཀག་སྐྱིལ་བྱས་པའི་གྲུ་གཟིངས་དེ་རྒྱལ་ཁབ་གང་གི་ཡིན་པའི་བྱེ་བྲག་གི་གནས་ཚུལ་བཤད་མེད། 

ཁོས་བཤད་རྒྱུར། བཀག་སྐྱིལ་བྱས་པའི་གྲུ་གཟིངས་དེའི་སྟེང་གི་དངོས་ཟོང་གི་རིན་ཐང་མེ་སྒོར་བྱེ་བ་ལྔ་དང་ས་ཡ་གཅིག་འབུམ་བརྒྱད་ལས་བརྒལ་ཡོད་པ་དང་། ལྐོག་འཚོང་ལ་ཞུགས་པའི་མི་སྣར་ཞུ་གཏུག་བྱེད་ངེས་ཡིན། འབར་རྫས་ལྐོག་འཚོང་མཁན་གྱིས་ཕྱི་རྒྱལ་གྱི་མིའི་བར་ངན་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་ཐོན་ཁུངས་རྐུ་འཕྲོག་བྱེད་པའི་ནག་ཉེས་བྱ་སྤྱོད་དེ་ཁྲིམས་འཛིན་དཔོན་པོས་སྣང་མེད་དུ་བསྐྱུར་མི་སྲིད་ལ། རིགས་དེ་མཚུངས་ཀྱི་ནག་ཉེས་བྱ་སྤྱོད་ལ་ཞུགས་པའི་མི་སྣར་ཆད་གཅོད་ནན་མོ་ཐོབ་ངེས་ཡིན་ཟེར། 

དབྱི་ལིང་གིས་ཉེ་སྔོན་མཚོ་ཁུགས་ཀྱི་ལྐོག་འཚོང་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ནས། འབར་རྫས་ལྐོག་འཚོང་བྱེད་པའི་ཕྱི་རྒྱལ་གྱི་སྣུམ་འདྲུད་གྲུ་གཟིངས་མང་བོ་བཀག་སྐྱིལ་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།