ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཚེས་དགུ་ཉིན་གྱི་སྔ་དྲོར་ཧི་ནེ་ནས་གྲོལ། གྲོས་ཚོགས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་དང་རྒྱལ་ཁབ་ཀྱི་བཟོ་ལས་ཅན་དང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཏང་གི་མགོ་ཁྲིད་བྱེད་ཐབས་བཅོས་བསྒྱུར་བྱེད་པ་སོགས་ཀྱི་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས། 

ཡོ་ནན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཉིན་དེར་ཚོགས་འདུ་མཇུག་སྒྲིལ་བའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཏང་གི་རྩ་འཛུགས་དང་བྱ་འགུལ་གྱི་རྩ་དོན་སྣ་ཚོགས་དང་། ཁྱད་པར་དུ་དམངས་གཙོ་གཅིག་བསྡུས་ལམ་ལུགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་གི་གཅིག་བསྡུས་དང་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཏང་ཡོན་ལས་བྱེད་པ་ཚང་མ་ཏང་གི་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་ཚོད་འཛིན་འོག་འགུལ་སྐྱོད་བྱེད་དགོས་ཟེར། 

རོན་ཧྥུའུ་ཀྲུང་གིས་བསྟན་དོན། རྗེས་ཕྱོགས་ཀྱི་དུས་རིམ་ཞིག་གི་ནང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་རྒྱལ་སྤྱིའི་གནས་བབ་ལ་སྔར་བཞིན་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་སྲིད། ད་ལོའི་དུས་ཚིགས་བཞི་བ་དང་སང་ལོར་མུ་མཐུད་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པའི་བྱ་བ་དམ་འཛིན་བྱེད་པ་དང་། རིགས་སྣ་ཚོགས་ཀྱི་འགོ་ནད་ཀྱི་དོགས་ཟོན་རང་བཞིན་མཐོར་འདེགས་གཏོང་བ། དཔལ་འབྱོར་འཕེལ་རྒྱས་བྱ་བར་གཅིག་འདོམས་གང་ལེགས་བྱེད་པ། རིག་གནས་ཀྱི་འཕེལ་རྒྱས་གཙོར་བཟུང་སྟེ། ཟོལ་མེད་ཀྱིས་དམངས་འཚོའི་འགན་སྲུང་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་དགོས་ཟེར། 

ཚང་འཛོམས་གྲོས་ཚོགས་ནས་དུས་རིམ་གསར་བར་མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བའི་གྲོས་ཆོད་ལ་གཅིག་གྱུར་གྲོས་འཆམ་བྱུང་། རོན་ཧྥུའུ་ཀྲུང་གིས་བསྟན་དོན། ཡོ་ནན་གྱི་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པར། ཁྲིམས་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་མ་ལག་བཅོས་བསྒྱུར་བྱེད་དགོས་ལ། མི་དམངས་ཀྱིས་རང་བདག་བྱེད་པའི་ཁེ་དབང་འདོན་སྤེལ་བྱས་ཏེ་ཏང་གིས་རྒྱལ་ཁབ་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས་ཟེར། 

ཡོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཚེས་གསུམ་ཉིན་ཚོགས་མགོ་བརྩམས་པ་དང་ཚོགས་ཡུན་ཉིན་བདུན་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།