ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཧེ་ཐི་རུ་ཆེད་ལས་ཀྱི་རྒྱལ་སྤྱིའི་དམག་དཔུང་མངག་གཏོང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དགུ་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་ཧེ་ཐི་རུ་ཆེད་ལས་ཀྱི་རྒྱལ་སྤྱིའི་དམག་དཔུང་ཞིག་མངག་གཏོང་བྱེད་པར་བསམ་བློ་བཏང་སྟེ། ཧེ་ཐིའི་མདུན་དུ་ལྷགས་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཀུའུ་ཐི་ལོས་སི་ཡིས་ཧེ་ཐིའི་གནས་བབ་ཐད་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཧེ་ཐིའི་བདེ་འཇགས་གནས་བབ་ཛ་དྲག་ཏུ་སོང་ན་རྒྱལ་ཁབ་ཀྱི་གནས་བབ་ཉམས་རྒུད་དུ་འགྲོ་བའི་ཞོར་དུ་བཤལ་ནད་འབྱུང་སྲིད་ལ། འབར་རྫས་ཀྱི་སྐྱེལ་འདྲེན་ལ་བཀག་རྒྱ་ཐེབས་པ་ལས་འཐུང་ཆུ་སྐྱེལ་བ་སོགས་བཤལ་ནད་ཀྱི་སྔོན་འགོག་གི་གནད་འགག་ཞབས་ཞུ་ལས་མཚམས་མི་འཇོག་ཐབས་མེད་བྱུང་ཡོད་ཟེར། ཀུའུ་ཐི་ལོས་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་འདུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧེ་ཐིའི་སྲིད་གཞུང་གི་རེ་འདོད་ལ་བསམ་བློ་བཏང་སྟེ། མྱུར་མོར་རྒྱལ་ཁབ་དེར་ཆེད་ལས་ཀྱི་རྒྱལ་སྤྱིའི་དམག་དཔུང་ཞིག་མངག་གཏོང་བྱས་ནས། ཧེ་ཐིའི་མདུན་དུ་ལྷགས་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། དེའི་ནང་འཐུང་ཆུ་དང་འབར་རྫས། ཟས་རིགས། སྨན་བཅོས་དངོས་རྫས་སོགས་ཀྱི་རང་དབང་གི་སྐྱེལ་འདྲེན་ཀྱང་འདུས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཚེས་དགུ་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་འཕྲིན་ཡིག་བསྐུར་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཧེ་ཐིའི་བདེ་འཇགས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་པའི་ཇུས་གཞི་བཏོན་ཡོད། ཀུའུ་ཐི་ལོས་སི་ཡིས་ད་རུང་ཧེ་ཐིའི་ཁེ་ཕན་དང་འབྲེལ་བའི་ཕྱོགས་ཁག་སོ་སོས་མྱུར་མོར་རྒྱལ་ཁབ་ཀྱི་མདུན་ལམ་ཐད་ནས་བཟོད་སྒོམ་རང་བཞིན་ལྡན་པའི་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།