ཀྲུང་གོ་བོད་ཀྱི་དྲ་བ།

ཐོག་མའི་བསྡོམས་རྩིས་ལས་མངོན་པ་ལྟར་ན་ཧྥན་ཏི་པེ་ལོན་གྱིས་བསྟུད་མར་ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་གི་ལས་འགན་ཁུར་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་རི་ཡཱའི་གསར་འགྱུར་སྨྱན་བྱད་ཀྱིས་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་ཧྥན་ཏི་པེ་ལོན་ལ་ཉིན་དེར་སྤེལ་བའི་སྐབས་གསར་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་ཁྱད་སྟོབས་མངོན་གསལ་ལྡན་པའི་སྒོ་ནས་འདེམ་ཤོག་མང་ཆེ་བ་ཐོབ་ཡོད་ལ། ཁོས་བསྟུད་མར་ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་གི་འགན་ཁུར་རྒྱུ་རེད་ཟེར། 

ཨོ་སི་ཁྲུ་རི་ཡཱའི་ནང་སྲིད་པུའུ་ཡིས་ཚེས་དགུ་ཉིན་སྤེལ་བའི་ཐོག་མའི་བསྡོམས་རྩིས་ཀྱི་མཇུག་འབྲས་ལྟར་ན། ཧྥན་ཏི་པེ་ལོན་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་ང་བཞི་དང་གྲངས་ཆུང་དྲུག་གི་འདེམ་ཤོག་ཐོབ་ཡོད། བསྒྲགས་པ་ལྟར་ན། དཔོན་ཕྱོགས་ཀྱི་མཇུག་མཐའི་བསྡོམས་རྩིས་མཇུག་འབྲས་དེ་ཚེས་བཅུ་ཉིན་ད་གཟོད་ཁྱབ་སྒྲོག་བྱེད་སྲིད་ཀྱང་། ཐོག་མའི་བསྡོམས་རྩིས་མཇུག་འབྲས་ལས་ཧྥན་ཏི་པེ་ལོན་ལ་ཐོབ་པའི་འདེམ་ཤོག་ཁ་གྲངས་དེ་འདེམ་སྒུག་པ་གཞན་པ་དག་གིས་རིང་དུ་བརྒལ་ཡོད་ལ། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་དགོས་མེད་པར་བསྟུད་མར་ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་གི་འགན་ཁུར་རྒྱུ་རེད་ཟེར། 

ཧྥན་ཏི་པེ་ལོན་གྱིས་ཉིན་དེའི་དགོང་མོར་འདེམ་བསྐོའི་མཇུག་འབྲས་གསལ་བོ་བྱུང་རྗེས་དྲ་ཚིགས་བརྒྱུད་དེ་མང་ཚོགས་ལ་བཀའ་དྲིན་ཞུས་པར་མ་ཟད། ཁོས་མང་བོ་བཅོས་བསྒྱུར་བྱེད་འདོད་མེད་ལ། ད་ལྟ་ཆེས་གལ་ཆེ་བ་ནི་མདུན་ལ་ཁ་ཕྱོགས་ཏེ་འགོར་འགྱངས་སྤུ་ཙམ་ཡང་མེད་པའི་སྒོ་ནས་གནད་དོན་གཙོ་བོ་ཐག་གཅོད་བྱེད་དགོས་ཟེར། 

ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ནེ་ཧཱ་མའོ་ཡིས་ཚེས་དགུ་ཉིན་གྱི་དགོང་མོར་དྲ་ཚིགས་བརྒྱུད་དེ་ཧྥན་ཏི་པེ་ལོན་གྱིས་བསྟུད་འགན་ཁུར་བར་རྟེན་འབྲེལ་ཞུས་པ་དང་། ཧྥན་ཏི་པེ་ལོན་བར་མཉམ་ལས་བཟང་བོ་སྲུང་འཛིན་བྱེད་པར་རེ་སྒུག་བྱེད་པའི་ཚུལ་བསྟན། 

ཨོ་སི་ཁྲུ་རི་ཡཱའི་གླེང་ཕྱོགས་ཀྱིས་དེའི་སྔོན་ཡོངས་ཁྱབ་ཏུ་བལྟས་ན། ཧྥན་ཏི་པེ་ལོན་གྱིས་བསྟུད་མར་ཙུང་ཐུང་གི་འགན་ཁུར་བར་གནད་དོན་ཅི་ཡང་མེད་པར་འདོད། དེའི་སྔོན་ཙུང་ཐུང་གི་འདེམ་བསྐོ་ལ་བསྡོམས་པས་འདེམ་སྒུག་མི་སྣ་བདུན་ཞུགས་ཡོད་པ་དང་། དེ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་སྟེང་མི་གྲངས་ཆེས་མང་བའི་ཐེངས་ཤིག་རེད། གཡས་ཕྱོགས་ཨོ་སི་ཁྲུ་རི་ཡཱའི་རང་དབང་ཏང་ལས་གཞན། ཨོ་སི་ཁྲུ་རི་ཡཱའི་སྲིད་ཏང་གཙོ་བོ་ཚང་མས་ཧྥན་ཏི་པེ་ལོན་གྱིས་བསྟུད་འགན་ཁུར་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད། རང་རངགི་འདེམ་སྒུག་མི་སྣའང་མཚམས་སྦྱོར་བྱས་མེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།