ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་སློབ་གྲྭ་ཆེན་མོ་བ་སོགས་ལ་སྐུལ་སློང་བཀའ་ཁྲིམས་ལག་བསྟར་བྱེད་ཡུན་རྗེས་ལ་བསྣུར་བ་དང་ཝུའུ་ཁི་ལན་གྱི་དམག་གིས་གཏན་སྡོད་བྱེད་ས་མང་པོ་ཕྱིར་འཕྲོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་སྟེང་ཚེས་དྲུག་ཉིན་སློབ་གྲྭ་ཆེན་མོ་བ་དང་ཞིབ་འཇུག་སློབ་མ། ཞག་སྡོད་སྨན་ཁང་གི་སྨན་པ་སོགས་སྐུལ་སློང་བྱེད་ཡུན་རྗེས་སུ་བསྣུར་བའི་ཙུང་ཐུང་བཀའ་རྒྱ་དངོས་སུ་བསྒྲགས། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱིའི་ཇུས་འདོན་པུའུ་དམག་འཐབ་སྤྱི་ཁྱབ་ཅུའུ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་གིས་ཧི་ཨར་སུང་དང་ཧ་ཨར་ཁི་ཧྥུའུ་ནས་གཏན་སྡོད་བྱེད་ས་མང་པོ་འཕྲོག་པ་དང་། ཨུ་རུ་སིའི་དམག་གིས་རྒོལ་ལན་སྤྲད་དེ་ཝུའུ་ཁི་ལན་གྱི་དམག་གི་དཔུང་འཇུག་འགོག་འདོད་ཡོད་ཟེར།

ཐ་སི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ལྔ་ཉིན་སློབ་གྲྭ་ཆེན་མོ་བ་དང་ཞིབ་འཇུག་སློབ་མ། ཞག་སྡོད་སྨན་ཁང་གི་སྨན་པ་སོགས་སྐུལ་སློང་བྱེད་ཡུན་ཇེ་རིང་དུ་གཏོང་བའི་ཙུང་ཐུང་གི་བཀའ་རྒྱའི་སྟེང་མིང་བཀོད་པ་དང་། བཀའ་རྒྱ་དེ་རྒྱལ་ཁབ་ཀྱིས་ཁས་ལེན་པའི་སློབ་གྲྭ་ཆེན་མོ་དང་སློབ་གླིང་། ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་ཉིན་ཧྲིལ་བོའི་ལུགས་དང་ཡང་ན་ཉིན་ཧྲིལ་བོ་མ་ཡིན་པའི་ལུགས་ཀྱི་སློབ་གསོ་ཐེངས་དང་པོར་མྱངས་པའི་སློབ་མ་དང་། ཞིབ་འཇུག་སློབ་མའི་གླིང་གི་གསོ་སྦྱོང་འཆར་གཞི་ལ་ཞུགས་པའི་མི་སྣ། ཞག་སྡོད་སྨན་ཁང་གི་སྨན་པ་དང་ལག་རོགས་དངོས་སྦྱོང་སློབ་མ་སོགས་ལ་འབྲེལ་བ་ཡོད་ཟེར།

ཝུའུ་ཁི་ལན་དྲག་ཆས་དམག་དཔུང་སྤྱིའི་ཇུས་འདོན་པུའུ་དམག་འཐབ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀི་ལོ་མོ་ཧྥུའུ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཟླ་བཅུ་པའི་ཚེས་གཅིག་ཉིན་གྱི་ཚུན་ལ། ཧི་ཨར་ས་ཁུལ་ནས་གཏན་སྡོད་བྱེད་ས་ཉེར་དགུར་ཝུའུ་ཁི་ལན་གྱི་དམག་གིས་ཚོད་འཛིན་བྱས་པ་དང་། ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་གྱི་ཚུན་ལ། ཝུའུ་ཁི་ལན་གྱི་དམག་གིས་ཧ་ཨར་ཁི་ཧྥུའུ་ས་ཁུལ་གྱི་ཨུ་རུ་སིའི་དམག་གི་འགོག་རའི་ཕྱོགས་སུ་སྤྱི་ལེ་ང་ལྔ་དཔུང་འཇུག་བྱས་ཏེ། གཏན་སྡོད་བྱེད་ས་གོ་གསུམ་ཕྱིར་འཕྲོག་པ་ཡིན་ཟེར།

ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིན་གྱིས་ཚེས་དྲུག་ཉིན་ལེ་ཧེ་དཔལ་འབྱོར་གླེང་སྟེགས་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་སྟེང་བཤད་རྒྱུར། ཨུ་རུ་སི་ལ་འཕྲད་པའི་བཀག་སྡོམ་གྱི་གཞི་ཁྱོན་ནི་སྔར་ཡོད་མ་མྱོང་བ་ཞིག་ཡིན་པས། ཨུ་རུ་སིའི་སྲིད་གཞུང་གིས་བཀག་སྡོམ་གྱི་ཤུགས་རྐྱེན་སེལ་བའི་བྱེད་ཐབས་སྤྱད་ཡོད་པ་དང་། ཨུ་རུ་སིའི་དཔལ་འབྱོར་དེར་ཕྱི་ཕྱོགས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བའི་ནུས་པ་ལྡན་པར་བདེན་དཔང་བྱེད་བཞིན་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས་དྲུག་ཉིན་གྱི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཚབས་ཇེ་ཆེར་འགྲོ་བཞིན་པའི་ཉིང་རྡུལ་གཏམ་བཤད་ཁྲོད་དུ་ཞུགས་རྩིས་མེད་པ་དང་། བྱང་ཆིངས་རྒྱལ་ཁབ་ཀྱིས་རང་གི་ཁེ་ཕན་ལ་ཞབས་འདེགས་ཞུ་ཆེད་དཔྱད་བརྗོད་དེ་བཟོས་པར་མ་ཟད་ཚབས་ཇེ་ཆེར་བཏང་བ་རེད་ཟེར། ཁོ་མོས་ཨུ་རུ་སིའི་ཉིང་རྡུལ་མཚོན་ཆ་བཀོལ་བའི་ཆ་རྐྱེན་གྱི་ལངས་ཕྱོགས་ལ་འགྱུར་བ་བྱུང་མེད་ཅེས་ནན་གྱིས་བཤད།

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙིག་ལེན་སི་ཅི་ཡིས་ཚེས་ལྔ་ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་ཡི་གེ་སྤེལ་ནས། ཉིན་དེར་ཁོས་བྱང་ཆིངས་ཀྱི་དྲུང་ཡིག་ཆེན་མོ་སི་ཐོར་ཐིན་པེ་ཀི་ལ་ཁ་པར་བཏང་ནས། ཝུའུ་ཁི་ལན་གྱི་གནས་བབ་སོགས་ཐད་ནས་ལངས་ཕྱོགས་མཐུན་སྦྱོར་བྱས་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།