ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་ཚབ་ཀྱིས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་གཏམ་བཤད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མས་རྒྱལ་ཁབ་ཀྱི་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་མི་ཆོས་རིང་ལུགས་ཀྱི་གནས་བབ་ལེགས་སྒྱུར་བྱེད་པར་འཛུགས་སྐྲུན་རང་བཞིན་གྱི་རོགས་རམ་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་འཐུས་ཚབ་ཀྱིས་ཚེས་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ང་གཅིག་པས་སུའུ་ཏན་ལྷོ་མའི་ལག་རྩལ་རོགས་སྐྱོར་དང་ནུས་པ་འཛུགས་སྐྲུན་གྱི་ངག་ཐོག་སྙན་ཞུའི་ཐད་ནས་བསྡུས་པའི་གྲོས་མོལ་ཚོགས་འདུའི་སྟེང་གཏམ་བཤད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མས་རྒྱལ་ཁབ་ཀྱི་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་མི་ཆོས་རིང་ལུགས་ཀྱི་གནས་བབ་ལེགས་སྒྱུར་བྱེད་པར་འཛུགས་སྐྲུན་རང་བཞིན་གྱི་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀྲུང་གོའི་འཐུས་ཚབ་ཀྱིས་བསྟན་དོན། ཉེ་སྔོན་སུའུ་ཏན་ལྷོ་མའི་ཕྱོགས་ཁག་གཙོ་བོས་ཆབ་སྲིད་བར་བརྒལ་དུས་ཡུན་ཇེ་རིང་དུ་གཏོང་བའི་ཐད་ནས་གྲོས་ཆོད་བཀོད་པ་དང་། ཀྲུང་གོས་དེར་དགའ་བསུ་ཞུ་བཞིན་ཡོད། དེ་སུའུ་ཏན་ལྷོ་མའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་ཡང་ཕན་པ་ཡོད། ཀྲུང་གོ་དུས་ནམ་ཡང་དང་སུའུ་ཏན་ལྷོ་མའི་ཞི་བདེའི་འཕེལ་རིམ་ཁྲོད་ཧུར་ཐག་གིས་ཞུགས་བཞིན་ཡོད་ལ། སུའུ་ཏན་ལྷོ་མའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་འདོད་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། སུའུ་ཏན་ལྷོ་མའི་ཆབ་སྲིད་བར་བརྒལ་འཕེལ་རིམ་ཐད་མུ་མཐུད་དུ་བྱས་རྗེས་གང་ལེགས་འཇོག་འདོད་ཡོད་ཟེར།

ཀྲུང་གོའི་འཐུས་ཚབ་ཀྱིས་བསྟན་དོན། ཀྲུང་གོས་དུས་ནམ་ཡང་ཕྱོགས་སོ་སོས་འགྲོ་མིའི་ཐོབ་ཐང་གི་གནད་དོན་ཐད་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་དང་མཉམ་ལས་བྱེད་རྒྱུའི་འདོད་བློ་བཅངས་ཡོད་པ་དང་། འགྲོ་མིའི་ཐོབ་ཐང་གི་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་བ་དང་ཡོངས་བསྒྲགས་ཀྱིས་གནོན་ཤུགས་སྟེར་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་འགྲོ་མིའི་ཐོབ་ཐང་ལ་ཡར་སྐུལ་དང་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བ་བཅས་ལ་བརྩི་བཀུར་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་། སུའུ་ཏན་ལྷོ་མས་རྒྱལ་ཁབ་ཀྱི་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་མི་ཆོས་རིང་ལུགས་ཀྱི་གནས་བབ་ལེགས་བཅོས་བྱེད་པར་འཛུགས་སྐྲུན་རང་བཞིན་གྱི་རོགས་རམ་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།