ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཚོགས་ཆེན་ནས་ཐོག་དང་པོར་ཀྲུང་གོས་བཏོན་པའི་ཨ་མེ་རི་ཁ་དང་དབྱིན་ཇི། ཨོ་སི་ཁྲུ་ལི་ཡཱ་བཅས་ཀྱི་ཉིང་རྡུལ་ནུས་པའི་ཆུ་འཛུལ་གྲུ་གཟིངས་མཉམ་ལས་ཀྱི་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྐབས་རེ་དྲུག་པའི་ཚོགས་ཆེན་དེ་ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་ནས་མགོ་བརྩམས། ཚོགས་ཆེན་ནས་ཝེ་ཡེ་ནཱ་རུ་རྒྱུན་དུ་སྡོད་པའི་དབྱི་ཐཱ་ལེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཁི་ཨར་ཐི་སི་གྲོས་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་། འདེམ་བསྐོའི་ཁྲོད་ཀྲུང་གོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཝེ་ཡེ་ནཱ་རུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཝང་ཆོན་སོགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་བསྐོས། ཚེས་ཉེར་བདུན་ཉིན་གཞུང་ཚབ་ཆེན་མོ་ཝང་ཆོན་གྱིས་ཚོགས་ཆེན་གྱི་ཉིན་དེའི་སྤྱིར་བཏང་གི་བགྲོ་གླེང་ཚོགས་འདུར་མགོ་འཛིན་བྱས། 

ཐེངས་འདིའི་ཚོགས་ཆེན་ནས་ཉིང་རྡུལ་ནུས་པའི་ཚན་རྩལ་བེད་སྤྱོད་དང་ལྟ་རྟོག་གི་ཕན་ནུས་རང་བཞིན་ལ་ཤུགས་སྣོན་འགན་སྲུང་བྱེད་པ། ནོར་སྲིད་ཀྱི་སྔོན་རྩིས། དེ་མིན་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན། དབུས་ཤར་དང་ཝུའུ་ཁི་ལན་གྱི་ཉིང་རྡུལ་ནུས་པའི་བདེ་འཇགས་སོགས་ས་ཁུལ་གྱི་གནད་དོན་གལ་ཆེན་སོགས་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ་རེད། ཚོགས་ཆེན་ནས་ད་རུང་ཀྲུང་གོའི་ཕྱོགས་ཀྱིས་ཐོག་དང་པོར་ལས་ཁུངས་དེའི་ཚོགས་ཆེན་སྟེང་ཁ་སྣོན་བྱས་པའི་ཨ་མེ་རི་ཁ་དང་དབྱིན་ཇི། ཨོ་སི་ཁྲུ་ལི་ཡཱ་བཅས་ཀྱི་ཉིང་རྡུལ་ནུས་པའི་ཆུ་འཛུལ་གྲུ་གཟིངས་ཀྱི་མཉམ་ལས་ལ་འབྲེལ་བའི་ཉིང་རྡུལ་ནུས་པའི་རྒྱུ་ཆའི་བོགས་གཏོང་དང་དེའི་འགན་སྲུང་ལྟ་རྟོག་སོགས་ལས་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་ལ་ཤུགས་རྐྱེན་ཐེབས་པའི་ཕྱོགས་སོ་སོའི་གནད་དོན་ཅེས་པའི་གྲོས་གཞི་དེར་གྲོས་ཞིབ་བྱེད་རྒྱུ་ཡིན་ལ། གྲོས་ཞིབ་བྱས་རྗེས་ཚོགས་ཆེན་ནས་གྲོས་གཞི་སྐོར་ཞིག་ལ་གྲོས་ཆོད་འཆར་ཟིན་འགོད་རྒྱུ་རེད། ཚོགས་ཆེན་དེ་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྲོལ་རྒྱུ་རེད། 

དེའི་སྔོན་ལས་ཁུངས་དེས་ད་རུང་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ལས་འཛིན་ཚོགས་པའི་གྲོས་ཚོགས་བསྡུས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།