ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉེར་གཉིས་ལོའི་འཇར་པན་དང་ཀྲུང་གོའི་བརྗེ་རེས་དུས་ཆེན་ཞེས་པའི་བྱ་འགུལ་འཇར་པན་ཏུང་ཅིང་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ངོ་ལྔ་བཅུ་འགོར་བར་རྗེས་དྲན་བྱེད་ཆེད། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཉིས་སྟོང་ཉེར་གཉིས་ལོའི་འཇར་པན་དང་ཀྲུང་གོའི་བརྗེ་རེས་དུས་ཆེན་ཞེས་པའི་བྱ་འགུལ་ཚེས་ཉེར་བཞི་ཉིན་འཇར་པན་གྱི་ཏུང་ཅིང་ཏའེ་ཏའེ་མུའུ་སྤྱི་གླིང་ནས་སྤེལ་མགོ་བརྩམས། 

བྱ་འགུལ་སྤེལ་སའི་ཚོགས་རར་བསྡོམས་པས་འགྲེམ་སྟོན་བྱེད་ས་བཞི་བཅུ་ལྷག་བཀོད་སྒྲིག་བྱས་ཡོད་ཅིང་། ཀྲུང་གོའི་ས་ཁུལ་སོ་སོའི་བཟའ་བཏུང་དང་ཁྱད་ཐོན་དངོས་རྫས། རིག་གནས་འགྲེམ་སྟོན་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་འདུས་ཡོད་ལ། འཇར་པན་གྱི་མང་ཚོགས་མང་བོ་གནས་དེར་ཡོང་ནས་བཟའ་བཏུང་གི་རོ་བཅུད་མྱོང་བ་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་མྱོང་རོལ་བྱེད་བཞིན་ཡོད། ཏུང་ཅིང་གི་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཏུང་ཅིང་དུ་སྡོད་པའི་ཀྲུང་གོའི་གནས་སྐོར་དོན་གཅོད་ཁང་། འཇར་པན་དུ་སྡོད་པའི་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་ཉོ་ཚོང་འཐུས་མིའི་ཁྲུའུ་སོགས་ཀྱིས་འགྲེམ་སྟོན་སྟེགས་བུ་བཀོད་སྒྲིག་བྱས་ཡོད། བྱ་འགུལ་སྤེལ་སྐབས་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་འཁྲབ་སྟོན་པ་དང་སྒྱུ་རྩལ་པས་ལྟད་མོ་བར་ཐུན་མིན་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས། 

འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁུང་ཞོན་ཡུག་གིས་ཐེངས་འདིའི་བྱ་འགུལ་ལ་ཡིག་ཐོག་གི་ཞུ་ཚིག་ཕུལ། ཁུང་ཞོན་ཡུག་གིས་ཞུ་ཚིག་ནང་བསྟན་དོན། ཐེངས་འདིའི་བྱ་འགུལ་དེ་འཇར་པན་ལས་རིགས་སོ་སོའི་གྲོགས་པོས་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་བྱེད་པ་དང་། ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་བརྗེ་རེས་མཉམ་ལས་ནང་ཞུགས་པའི་གོ་སྐབས་བཟང་བོ་ཞིག་ཏུ་འགྱུར་བར་རེ་བཞིན་ཡོད་ཟེར། 

ཉིས་སྟོང་ཉེར་གཉིས་ལོའི་འཇར་པན་དང་ཀྲུང་གོའི་བརྗེ་རེས་དུས་ཆེན་ཞེས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་བློ་འདོན་པ། འཇར་པན་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཧྥུའུ་ཐེན་ཁང་ཧྥུའུ་ཡིས་ཡུལ་དངོས་ནས་ཞུ་ཚིག་ཕུལ་ཏེ། ད་ལོ་ནི་འཇར་པན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་དེ་གོ་སྐབས་སུ་བཟུང་སྟེ། ཨེ་ཤ་ཡཱ་གླིང་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ་འབད་འབུངས་བྱེད་དགོས་ཟེར། 

ཐེངས་འདིའི་བྱ་འགུལ་ནི་ཉིས་སྟོང་ཉེར་གཉིས་ལོའི་འཇར་པན་དང་ཀྲུང་གོའི་བརྗེ་རེས་དུས་ཆེན་ཞེས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་འཇར་པན་གྱི་ཕྱི་འབྲེལ་ལས་ཁུངས་སོགས་ཀྱིས་སྒྲུབ་རོགས་བྱས་པ་རེད། བྱ་འགུལ་དེའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་བརྗེ་རེས་དང་ཕན་ཚུན་རྒྱུས་ལོན་ལ་སྐུལ་འདེད་གཏོང་བའི་ཆེད་དུ་རེད། །

རྩོམ་སྒྲིག་པ། : ཕག་གྲུབ།