ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁའི་མཁའ་འགྲུལ་པ་ཨུ་རུ་སིའི་མནའ་འབྲེལMS-22རྟགས་ཅན་གྱི་འཕུར་གྲུར་བསྡད་དེ་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཁབ་མཁའ་འགྲུལ་ཀུང་ཟིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཨུ་རུ་སིའི་མནའ་འབྲེལMS-22རྟགས་ཅན་གྱི་འཕུར་གྲུས་ཉིན་དེར་རྒྱལ་སྤྱིའི་བར་སྣང་ས་ཚིགས་བར་གྱི་སྦྲེལ་མཐུད་ཡོངས་འགྲུབ་བྱས་པ་དང་། ཨུ་རུ་སིའི་མཁའ་འགྲུལ་པ་གཉིས་དང་ཨ་མེ་རི་ཁའི་མཁའ་འགྲུལ་པ་གཅིག་བདེ་བླག་ངང་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་སོང་། 

ཨུ་རུ་སིའི་རྒྱལ་ཁབ་མཁའ་འགྲུལ་ཀུང་ཟི་ཡིས་ཉིན་དེར་རང་གི་དཔོན་ཕྱོགས་དྲ་ཚིགས་སུ་གནས་ཚུལ་སྤེལ་ཏེ། མནའ་འབྲེལMS-22རྟགས་ཅན་གྱི་འཕུར་གྲུ་དྲུད་པའི་མནའ་འབྲེལ-2རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་དེ་མའོ་སི་ཁོའི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་ང་བཞིའི་སྟེང་ཧཱ་སག་སི་ཐན་མངའ་ཁོངས་ཀྱི་པེད་ཁི་ནོའུ་ཨར་གཏོང་འཕེན་ར་བ་ནས་བར་སྣང་དུ་འཕུར་བ་དང་། དེའི་རྗེས་སུ་སྔོན་ནས་གཏན་འཁེལ་བྱས་པའི་རྒྱུ་ལམ་དུ་ཞུགས། ཨུ་རུ་སིའི་མནའ་འབྲེལMS-22རྟགས་ཅན་གྱི་འཕུར་གྲུ་དེས་ཉིན་དེའི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་དྲུག་སྟེང་རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་ཨུ་རུ་སིའི་སྒྲོམ་ཚང་མཚམས་ཀྱི་སྐྱ་རེངས་རྟགས་ཅན་གྱི་ཚོད་ལྟའི་སྒྲོམ་ཁང་ཆུང་བར་སྦྲེལ་མཐུད་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས། 

བསྒྲགས་པ་ལྟར་ན། ཐེངས་འདིར་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་སོང་བའི་མཁའ་འགྲུལ་པ་གསུམ་པོ་ནི་སོ་སོར་ཨུ་རུ་སི་ནས་ཡོང་བའི་ཞེ་ཨར་ཀའེ་ཕུའུ་ལོ་ཁི་ཕིས་ཡེ་ཧྥུའུ་དང་ཏི་མུས་ཐི་ལི་ཕའེ་ཅེ་ལིན། དེ་མིན་ཨ་མེ་རི་ཁ་ནས་ཡོང་བའི་ཧྥོ་ལིང་ཞི་སི་ཁི་ལུའུ་པུས་ཨོ་བཅས་རེད། ཁོ་ཚོས་རྒྱལ་སྤྱིའི་བར་སྣང་ས་ཚིགས་ནས་ཉིན་བརྒྱ་དང་གྱ་བརྒྱད་རིང་བྱ་བ་བྱེད་རྒྱུ་རེད། དེ་ནི་ཨུ་རུ་སིའི་རྒྱལ་ཁབ་མཁའ་འགྲུལ་ཀུང་ཟི་དང་ཨ་མེ་རི་ཁའི་མཁའ་འགྲུལ་ཅུའུ་ཡིས་བསྣོལ་སྦྲེལ་འཕུར་སྐྱོད་ཀྱི་གྲོས་མཐུན་བཀོད་རྗེས་ཐོག་དང་པོར་མཉམ་ལས་བྱས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།