ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལོན་སོ་ཡིས་དམ་བཅའ་བཞག་སྟེ་ཨན་ཀི་ལཱའི་ཙུང་ཐུང་གི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨན་ཀི་ལཱའི་ད་ལྟའི་ཙུང་ཐུང་། སྲིད་འཛིན་ཏང་ཨན་ཀི་ལཱ་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་ཀྲུའུ་ཞི་ལོ་ལོན་སོ་ཡིས་ཚེས་བཅོ་ལྔ་ཉིན་རྒྱལ་ས་ལོ་ཨན་ཏཱ་ནས་དམ་བཅའ་བཞག་སྟེ་སྐབས་གསར་བའི་ཙུང་ཐུང་གི་ལས་འགན་ཁུར་བ་དང་། འགན་ཡུན་ལོ་ལྔ་རེད། 

ལོ་ལོན་སོ་ཡིས་དམ་བཅའ་འཇོག་སྐབས་བསྟན་དོན། འགན་ཡུན་གཉིས་པའི་ནང་། ཁོས་གཏན་འཇགས་ལ་གཞོལ་ནས་དམངས་གཙོ་དང་ཁྲིམས་ལུགས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་དང་། ཧུར་ཐག་སྒོས་ཨན་ཀི་ལཱའི་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་དང་ཕན་བདེ་ལེགས་བཅོས་བྱེད་རྒྱུ་མ་ཟད། སློབ་གསོ་དང་སྨན་བཅོས། སྡོད་ཁང་། འཐུང་ཆུ། གློག་ཤུགས་སོགས་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་སྟེ། ན་གཞོན་དག་ལ་སྔར་ལས་མང་བའི་ལས་ཞུགས་གོ་སྐབས་བསྐྲུན་རྒྱུ་ཡིན་ཟེར། 

ལོ་ལོན་སོ་ནི་གཅིག་སྟོང་དགུ་བརྒྱ་ང་བཞི་ལོར་སྐྱེས་པ་དང་། སྔོན་ཆད་དུས་ཡུན་རིང་བོར་ཨན་ཀི་ལཱ་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་ཏང་དོན་དང་གྲོས་ཁང་གི་བྱ་བ་གཉེར་བ་དང་། ཉིས་སྟོང་བཅུ་བདུན་ལོར་ཨན་ཀི་ལཱའི་ཙུང་ཐུང་དུ་བདམས་པ་ཡིན་ལ། ཉིས་སྟོང་བཅོ་བརྒྱད་ལོར་ཨན་ཀི་ལཱ་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་ཀྲུའུ་ཞིར་བདམས་པ་རེད། 

ད་ལོའི་ཟླ་བརྒྱད་པའི་ཚེས་བཞི་ཉིན། ཨན་ཀི་ལཱ་ཡིས་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཨན་ཀི་ལཱ་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་ཁྱབ་བསྒྲགས་བྱས་པའི་ཆེས་མཇུག་མཐའི་མཇུག་འབྲས་ལས་མངོན་པ་ལྟར་ན། ཨན་ཀི་ལཱ་མི་དམངས་བཅིངས་འགྲོལ་ལས་འགུལ་ལ་ཕྱེད་ཀའི་ཡན་གྱི་འདེམ་ཤོག་ཐོབ་ནས་མུ་མཐུད་དུ་སྲིད་འཛིན་པའི་གོ་སྐབས་ཐོབ་པས། ཏང་ཁག་དེའི་ཙུང་ཐུང་གི་འདེམ་སྒུག་མི་སྣ་ལོ་ལོན་སོ་ཡིས་བདེ་བླག་ངང་བསྟུད་འགན་ཁུར་ཐུབ་པ་བྱུང་། 

ཨན་ཀི་ལཱའི་རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཙུང་ཐུང་གི་རྒྱལ་ཁབ་ཀྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་གཙོ་ཡིན་ལ། ཞོར་དུ་རྒྱལ་ཁབ་ཀྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་འགན་ཁུར་ཁུར་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།