ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་རང་ཉིད་བློ་གཏོད་ཡོད་པ་བདེན་དཔང་བྱས་རྗེས་ད་གཟོད་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཡང་བསྐྱར་ཞུགས་ཆོག་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ནེ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁས་རང་ཉིད་ཀྱིས་རྒྱལ་སྤྱིའི་རྩ་དོན་བརྩི་སྲུང་བྱེད་པ་དང་བློ་གཏོད་ཡོད་པའི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཏུ་འགྱུར་ཐུབ་པ་བདེན་དཔང་བྱས་རྗེས་ད་གཟོད་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཡང་བསྐྱར་ཞུགས་ཆོག་ཟེར། 

ཁཱ་ནཱ་ནེ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་གཅིག་ནས་ཉིས་སྟོང་བཅོ་ལྔ་ལོར་བཀོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་དང་། དབྱི་ལིང་ལ་ཁྲིམས་འགལ་གྱི་ཕྱོགས་གཅིག་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ཏེ། དབྱི་ལིང་སྲིད་གཞུང་དང་མི་དམངས་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད། ཨ་མེ་རི་ཁས་བུན་བདག་གི་རྣམ་འགྱུར་སྟོན་པའི་དབང་ཆ་མེད་པ་དང་། ཨ་མེ་རི་ཁས་འཛུགས་སྐྲུན་རང་བཞིན་ལྡན་པའི་རྣམ་འགྱུར་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་ཐད་ནས་གྲོས་མཐུན་འགོད་དགོས་ཟེར། 

ཁོས་ཨ་མེ་རི་ཁའི་ཉེ་སྔོན་གྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་སྐོར་གྱི་གྲོས་གཞིས་གྲོས་མོལ་ལ་ཞབས་འདྲེན་གྱི་ནུས་པ་ཐོན་པར་དཔྱད་འཇོག་བྱས་པར་བརྗོད་པའི་དོན་ལ་ལན་འདེབས་སྐབས་བཤད་རྒྱུར། དབྱི་ལིང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དེའི་སྔོན་བཏོན་པའི་ཉིས་སྟོང་བཅོ་ལྔ་ལོའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་མཇུག་མཐའི་ཡིག་ཆར་གྲོས་གཞི་གསར་བ་བཏོན་ཡོད་པ་དང་། ཨ་མེ་རི་ཁའི་དཔོན་ཕྱོགས་ཀྱིས་ལན་སྟེར་བར་སྒུག་ཡོད། དབྱི་ལིང་གིས་གྲོས་གཞིའི་ནང་གྲོས་མཐུན་འགོད་པར་བཀག་རྒྱ་བྱེད་པའི་གནད་དོན་གསར་བ་དང་ཚད་བརྒལ་གྱི་རེ་བ་ཅི་ཡང་བཏོན་མེད་ལ། གྲོས་མོལ་ལ་ཞུགས་པའི་ནུབ་ཕྱོགས་རྒྱལ་ཁབ་སོ་སོས་དབྱི་ལིང་ལ་གནོན་ཤུགས་སྟེར་བ་ནི་བསམ་པའི་སྦྱོར་བ་ཞིག་ཡིན་པ་དང་། དབྱི་ལིང་ལ་གཟུར་བཤོལ་བྱེད་དུ་འཇུག་འདོད་པ་རེད་ཟེར། 

ཁཱ་ནཱ་ནེ་ཡིས་ད་རུང་བཤད་རྒྱུར། དེའི་སྔོན་གྱི་གྲོས་མོལ་ལས་རང་རང་གི་ཁེ་ཕན་དང་འཚམ་པའི་གྲོས་མཐུན་ཞིག་འགོད་པར་གྲ་སྒྲིག་གང་ལེགས་བྱས་ཡོད། གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་དག་ལ་ཆབ་སྲིད་ཀྱི་རེ་འདུན་ཡོད་ན། གྲོས་མཐུན་འགོད་ཐུབ་ངེས་རེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།