ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་འབྲུ་རིགས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་རུ་ཁག་ཅིག་ལ་འཇབ་རྒོལ་ཐེབས་ཏེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་གྱིས་ཚེས་གཉིས་ཉིན་གྱི་དགོང་མོར་སོ་མཱ་ལིའི་དབུས་ཕྱོགས་ཀྱི་ཞེ་ལན་ས་ཁུལ་ནས་འབྲུ་རིགས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་རུ་ཁག་ཅིག་ལ་འཇབ་རྒོལ་བྱས་ཏེ། མི་བཅུ་བདུན་རྐྱེན་ལམ་དུ་ཤོར་ཟེར། 

བསྒྲགས་པ་ལྟར་ན། ན་གཞོན་ཏང་གི་འཇབ་རྒོལ་དམིགས་འབེན་ནི་མཁར་གྲོང་དུ་རོགས་སྐྱོར་ཟས་རིགས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་རུ་ཁག་ཡིན་པ་རེད། སོ་མཱ་ལིའི་སྲིད་གཞུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་ལན་དྲག་པོ་སྤྲོད་རྒྱུ་ཁས་ལེན་བྱས་ཡོད། བསྒྲགས་པ་ལྟར་ན། ས་དེའི་དམངས་དམག་རྩ་འཛུགས་ཀྱིས་ཉེ་སྔོན་སོ་མཱ་ལིའི་དམག་དཔུང་བར་མཉམ་ལས་བྱས་ཏེ་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་བཏང་ནས། ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་དག་ཞི་ལན་ས་ཁུལ་ནས་མཐར་སྐྲོད་གཏོང་རྩིས་བྱས། 

ས་དེའི་སྡོད་དམངས་ཨ་ལི་ཡིས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཞི་ལན་ས་ཁུལ་གྱི་པེ་ལའེ་ཏི་ཝུན་གྲོང་རྡལ་ཉེ་འདབས་སུ་བྱུང་བ་དང་། སྐབས་ཐོག་དེར་རླངས་འཁོར་རུ་ཁག་གིས་ཉེ་འདབས་མཁར་གྲོང་གི་སྡོད་དམངས་དང་ཟས་རིགས་སྐྱེལ་འདྲེན་བྱེད་བཞིན་ཡོད་ཟེར། ཨ་ལི་ཡིས་བཤད་རྒྱུར། འཇབ་རྒོལ་ཐེབས་སའི་ཡུལ་དངོས་སུ་རླངས་འཁོར་བདུན་མེར་བསྲེག་ཡོད་ལ། འདས་པོའི་གྲས་སུ་བྱིས་པའང་འདུས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།