ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཐན་སྐྱོན་ཚབས་ཆེན་ལས་ཉུང་མཐར་ཡང་ཨ་ཧྥེ་རི་ཁའི་གླིང་སྣེའི་བྱིས་པ་བྱེ་བ་གཅིག་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་པར་བླངས་པའི་ཐན་སྐྱོན་བྱུང་བའི་ཁུན་ནེ་ཡཱའི་ཅི་ལེ་ཧྥེ་ཅོན་སྡེ་བའི་བྱིས་པ་འགའ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཐན་སྐྱོན་ཚབས་ཆེན་ལས་ཉུང་མཐར་ཡང་ཨ་ཧྥེ་རི་ཁའི་གླིང་སྣེའི་བྱིས་པ་བྱེ་བ་གཅིག་ལ་ཤུགས་རྐྱེན་ཐེབས་སྲིད་པ་དང་། ཁ་གྲངས་དེ་ཟླ་ངོ་གཉིས་ཀྱི་ནང་ཧ་ལམ་བརྒྱ་ཆའི་བཞི་བཅུ་འཕར་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་བཤད་རྒྱུར། ཟླ་གཉིས་པ་ནས་ཟླ་བཞི་བའི་བར། ཨ་ཧྥེ་རི་ཁའི་གླིང་སྣེ་རུ་ཐན་སྐྱོན་གྱི་ཤུགས་རྐྱེན་ལས་ལྟོགས་སྡུག་དང་འཚོ་བཅུད་མི་འདང་བ། ཁ་སྐོམ་པ་སོགས་ཀྱི་གནད་དོན་བྱུང་བའི་བྱིས་པའི་ཁ་གྲངས་ས་ཡ་བདུན་དང་འབུམ་གཉིས་ཁྲི་ལྔ་ནས་མ་མཐའ་ཡང་བྱེ་བ་གཅིག་ལ་འཕར་ཡོད། ཨེ་ཙེ་ཨོ་ཕི་ཡཱ་དང་ཁུན་ནེ་ཡཱ། སོ་མཱ་ལི་བཅས་ཀྱི་ད་ལྟའི་དུས་རིམ་འདིར་བྱིས་པ་ས་ཡ་གཅིག་དང་འབུམ་བདུན་ལྷག་ལ་འཚོ་བཅུད་མ་འདང་བའི་དབང་གིས་བྲེལ་མྱུར་གསོ་བཅོས་མཁོ། གལ་ཏེ་ཡུལ་དེར་མ་འོངས་པའི་གཟའ་འཁོར་འགའི་ནང་ཆར་ཆུ་མེད་ཚེ། ཁ་གྲངས་དེ་ས་ཡ་གཉིས་ལས་བརྒལ་སྲིད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་དེའི་སྔོན་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་དགུ་མྱུར་མོར་བསྡུ་དགོས་པའི་འབོད་སྐུལ་བཏང་མྱོང་། ད་ལྟའི་ཐན་སྐྱོན་ལྷག་ཏུ་ཚབས་ཆེན་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་དངུལ་བསྡུའི་དངུལ་འབོར་དེ་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔར་འཕར་སྣོན་བྱས་ཡོད་ཀྱང་། ད་ལྟའི་བར་བརྒྱ་ཆའི་ཉི་ཤུའི་མ་དངུལ་ལས་བསྡུ་ཐུབ་མེད། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ཨ་ཧྥེ་རི་ཁ་གླིང་ཤར་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་གྱི་ལས་དོན་གྱི་འགན་ཁུར་བའི་དཔོན་རིགས་མུའུ་ཧན་མའོ་ཏི་ཧྥུའུ་ཨར་གྱིས་བཤད་རྒྱུར། གལ་ཏེ་ང་ཚོས་ད་ལྟ་འགུལ་སྐྱོད་མ་སྤེལ་ན། གཟའ་འཁོར་འགའི་ནང་བྱིས་པ་མང་བོའི་ཚེ་སྲོག་ཤོར་སྲིད་པ་དང་། ལྟོགས་སྡུག་མི་འགྱངས་པར་འབྱུང་སྲིད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་བཤད་པ་ལྟར་ན། ཨ་ཧྥེ་རི་ཁའི་གླིང་སྣེ་ས་ཁུལ་དུ་ལོ་ངོ་བཞི་བཅུའི་རིང་ཆེས་ཚབས་ཆེ་བའི་ཐན་སྐྱོན་འབྱུང་བཞིན་ཡོད། བསྟུད་མར་ལོ་བཞིའི་ཆར་དུས་སུ་ཆར་བ་དཀོན་པའི་དབང་གིས་ཞིང་ལས་ལོ་ཏོག་ལ་བསྡུ་རྒྱུ་མེད་པ་དང་། ཕྱུགས་ཟོག་མང་བོ་ཤི་བར་མ་ཟད། མི་ཁྲི་སྟོང་མང་བོ་རང་ཡུལ་དང་མི་འབྲལ་ཐབས་མེད་བྱུང་ཡོད་ལ། འཚོ་བཅུད་མི་འདང་བ་དང་རིམས་ནད་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་མི་དེ་དག་གིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཁོ་ནར་རེ་བཞིན་ཡོད་པའི་ཉེན་བརྡ་བཏང་། 

ཨ་ཧྥེ་རི་ཁའི་གླིང་སྣེ་དེ་ཨ་ཧྥེ་རི་ཁའི་ཤར་ཕྱོགས་ས་ཁུལ་དུ་གནས་པ་དང་། ཅི་པུའུ་ཐིས་དང་། ཨིག་ལི་ཐི་ལི་ཡཱ། ཨེ་ཙེ་ཨོ་ཕི་ཡཱ། ཁུན་ནེ་ཡཱ། སོ་མཱ་ལི། སུའུ་ཏན་ལྷོ་མ། སུའུ་ཏན། ཝུའུ་ཀན་ཏཱ་བཅས་རྒྱལ་ཁབ་བརྒྱད་འདུས་ཡོད། ས་ཁུལ་དེ་བསེ་རུའི་རྭ་ཅོའི་དབྱིབས་སུ་མངོན་པ་དང་། ཤར་ཕྱོགས་སུ་ཨ་རབ་མཚོ་ཁོངས་སུ་བསྲིངས་ཡོད་པས། ཨ་ཧྥེ་རི་ཁའི་གླིང་སྣེ་ཞེས་པའི་མིང་ཆགས་ཡོད། གནས་དེ་ནི་འཛམ་གླིང་སྟེང་ཆེས་དབུལ་ཕོངས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། ལོ་རྒྱུན་ས་ཁུལ་དེར་འཁྲུག་རྩོད་དང་འཁོར་རྒྱུན་རང་བཞིན་གྱི་ཐན་པའི་གནོད་འཚེ་ཐེབས་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།