ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་སའི་དབྱི་སི་ལན་ཆོས་ཁང་ཞིག་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་སོ་གསུམ་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བདེན་དཔང་བྱས་དོན། རྒྱལ་ས་ཁཱ་པོར་གྱི་དབྱི་སི་ལན་ཆོས་ཁང་ཞིག་ཏུ་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གསུམ་ལ་རྨས་ཕོག་ཟེར། 

ཁཱ་པོར་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཀྲ་ཏི་ལན་གྱིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། འགས་གཏོར་དོན་རྐྱེན་བྱུང་སའི་དབྱི་སི་ལན་ཆོས་ཁང་དེ་ཁཱ་པོར་གྱི་ཉེན་ཟོན་ཁུལ་བཅུ་བདུན་པར་གནས་པ་དང་། སྐབས་ཐོག་དེར་མི་རྣམས་ཀྱིས་དབྱི་སི་ལན་ཆོས་ཁང་དེར་ཆོས་ལུགས་ཆོ་ག་སྤེལ་བཞིན་ཡོད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འགས་གཏོར་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

ཉེ་སྔོན། ཨ་ཧྥུའུ་ཧན་གྱི་ས་ཁུལ་སོ་སོར་འགས་གཏོར་དོན་རྐྱེན་མང་དུ་བྱུང་ནས་མི་སྣ་མང་བོར་ཤི་རྨས་བཟོས་ཡོད། དེའི་ནང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་སློབ་གྲྭ་དང་དབྱི་སི་ལན་ཆོས་ཁང་། སྤྱི་སྤྱོད་རླངས་འཁོར་བཅས་དམིགས་ཡུལ་དུ་བྱས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་འགའ་བཟོས་པ་ཁྱབ་བསྒྲགས་བྱས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།