ཀྲུང་གོ་བོད་ཀྱི་དྲ་བ།

སཱ་ཏི་ཨར་གྱི་རྒྱབ་སྐྱོར་མཁན་ཡང་བསྐྱར་དབྱི་རག་གི་གྲོས་ཁང་དུ་ཤོར་ཡོང་ནས་མི་བརྒྱ་ལྷག་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་ཆོས་ལུགས་གཙོ་འཛིན་སཱ་ཏི་ཨར་གྱི་རྒྱབ་སྐྱོར་མཁན་སྟོང་ཕྲག་མང་བོ་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ཡང་བསྐྱར་རྒྱལ་དམངས་གྲོས་ཁང་དུ་ཤོར་ཡོང་བ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་དེ་དག་དང་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་བརྒྱ་དང་ཉེར་ལྔ་རྨས་ཕོག་ཡོད་ཟེར། 

སཱ་ཏི་ཨར་གྱི་རྒྱབ་སྐྱོར་མཁན་ཉིན་དེར་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་དོགས་ཟོན་ནན་མོ་བྱས་ཡོད་པའི་ལྗང་མདོག་ས་ཁུལ་ཏེ་ཀྲུང་དབྱང་སྲིད་གཞུང་དང་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་ཡོད་སར་ཡོང་བ་དང་། དེའི་རྗེས་སུ་གྲོས་ཁང་དུ་ཤོར་ཡོང་བ་རེད། དེ་ནི་གཟའ་འཁོར་གཅིག་གི་རིང་ལ་སཱ་ཏི་ཨར་གྱི་རྒྱབ་སྐྱོར་མཁན་ཐེངས་གཉིས་པར་གྲོས་ཁང་དུ་ཤོར་ཡོང་བ་རེད། 

ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། རྔམ་སྟོན་ཁྲོམ་སྐོར་མཁན་སྟོང་ཕྲག་འགའ་ལྗང་མདོག་ས་ཁུལ་དུ་འགྲོ་སའི་ཟམ་པ་ཞིག་གི་སྟེང་འདུས་པ་དང་། ཁོ་ཚོས་ལམ་གྱི་བཀག་རྒྱ་གཏོར་ནས་ནང་དུ་ཤོར་རྩིས་བྱས། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་རྡོ་བས་བརྒྱབ་པ་དང་། བདེ་འཇགས་དམག་དཔུང་གིས་མཐོ་གནོན་ཆུ་སྦུག་དང་དུད་འཕྱུར་འགད་རྫས་བཀོལ་ནས་དེ་དག་མཐར་སྐྲོད་བཏང་། དབྱི་རག་འཕྲོད་བསྟེན་པུའུ་ཡི་གཞི་གྲངས་ལྟར་ན། ཉུང་མཐར་ཡང་རྔམ་སྟོན་ཁྲོམ་སྐོར་མཁན་བརྒྱ་དང་བདེ་འཇགས་དམག་དཔུང་གི་ཁོངས་མི་ཉེར་ལྔར་རྨས་ཕོག་ཡོད་ཟེར། 

གྲོས་ཁང་ཐོག་ཁང་ཆེན་མོའི་སོང་རྗེས་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་དབྱི་རག་གི་རྒྱལ་དར་དང་སཱ་ཏི་ཨར་གྱི་འདྲ་པར་གཡུག་གཡུག་བྱེད་བཞིན་ཡོད། རྔམ་སྟོན་ཁྲོམ་སྐོར་མཁན་རེ་འགའ་གྲོས་མིའི་ཅོག་ཙེའི་སྟེང་བསྡད་པ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་ལ་ལ་གང་སར་འགྲོ་འདུར་བྱེད་བཞིན་ཡོད་ལ། གྲོས་ཁང་བཙན་བཟུང་བྱས་པའི་རྣམ་པར་པར་ལེན་བཞིན་ཡོད། གྲོས་ཁང་ཐོག་ཁང་ཆེན་མོའི་ཕྱི་རོལ་དུ་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་རས་གུར་ཕུབ་ཡོད་ལ། དང་བླངས་པས་ཟ་མ་དང་འཐུང་ཆུ་སྐྱེལ་བཞིན་ཡོད། 

རྔམ་སྟོན་ཁྲོམ་སྐོར་མཁན་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་ཐོག་དང་པོར་གྲོས་ཁང་དུ་ཤོར་ཡོང་བ་དང་། དུས་ཚོད་འགའི་རྗེས་སུ་ཕྱིར་བུད་སོང་། ཡིན་ཡང་ཐེངས་འདིར་ཁོ་ཚོ་གནས་དེ་དང་འབྲལ་བའི་སྣང་ཚུལ་ཅི་ཡང་མེད། སཱ་ཏི་ཨར་ལས་འགུལ་གྱི་གསལ་སྒྲོག་ལྟར་ན། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་བརྡ་ཐོ་གསར་བ་འབྱོར་རག་བར་དུ་འཇམ་སྒུག་ངོ་རྒོལ་བྱེད་རྒྱུ་རེད་ཟེར། 

དབྱི་རག་གྲོས་ཁང་གི་གྲོས་དཔོན་མུའུ་ཧན་མའོ་ཏི་ཧཱ་ལེ་པུའུ་ཞི་ཡིས་ཁྱབ་བསྒྲགས་བྱས་དོན། གྲོས་ཁང་གི་གྲོས་ཚོགས་ཡོད་ཚད་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་ཟེར། དབྱི་རག་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཁཱ་ཏིས་མུས་ཀྱིས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ་ཆབ་སྲིད་ཕྱོགས་ཁག་སོ་སོས་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། འཁྲུག་རྩོད་དུ་འགྱུར་མི་རུང་བ་དང་དབྱི་རག་གི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་ཚུལ་བསྟན་པར་མ་ཟད། ཕྱོགས་སོ་སོས་གྲོས་མོལ་ལ་བརྟེན་ནས་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པས་གནས་བབ་དེ་མུ་མཐུད་དུ་ཛ་དྲག་ཏུ་གྱུར་བར་སེམས་ཁུར་བྱེད་པའི་ཚུལ་བསྟན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་མགྲིན་ཚབ་པས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དྲུང་ཡིག་ཆེན་མོས་ཕྱོགས་ཁག་སོ་སོས་འགལ་བ་ཐག་གཅོད་བྱས་ཏེ་ཞི་བདེ་དང་བཟོད་སྒོམ་གྱི་གྲོས་མོལ་ལ་བརྟེན་ནས་སྲིད་གཞུང་རྩ་འཛུགས་བྱེད་དགོས་པ་ལས་དེར་འགོར་འགྱངས་བྱེད་མི་རུང་ཟེར། 

དབྱི་རག་གིས་ན་ནིང་ཟླ་བཅུ་བར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ཡང་། ཙུང་ཐུང་དང་ཙུང་ལིའི་འདེམ་སྒུག་པ་ད་ལྟའི་བར་ཐག་གཅོད་བྱས་མེད་པ་དང་། སྲིད་གཞུང་གསར་བ་ད་ལྟའི་བར་རྩ་འཛུགས་བྱེད་མ་ཐུབ་པར་ཆབ་སྲིད་གནས་བབ་ཛ་དྲག་ཏུ་གྱུར་བ་རེད། སཱ་ཏི་ཨར་ལས་འགུལ་དེ་ན་ནིང་གི་གྲོས་ཁང་འདེམ་བསྐོའི་སྐབས་གྲོས་ཁང་གི་ཆེས་ཆེ་བའི་ཏང་ཁག་ཏུ་གྱུར་ཡོད། 

དབྱི་རག་འཐབ་འཁྲུག་རྗེས་ཀྱི་ཆོས་ལུགས་ཕྱོགས་ཁག་གི་དབང་བགོའི་རྣམ་པ་ལྟར་ན། ཙུང་ཐུང་གི་ལས་འགན་ཁུའུ་ཨར་ཏི་བས་ཁུར་དགོས་པ་དང་། ཙུང་ལི་དང་གྲོས་དཔོན་གྱི་ལས་འགན་སོ་སོར་དབྱི་སི་ལན་ཆོས་ལུགས་ཀྱི་ཧྲི་ཡེ་ཕྱོགས་ཁག་དང་ཞོང་ནེ་ཕྱོགས་ཁག་གི་མི་སྣས་ཁུར་དགོས་པ་རེད། ཧྲི་ཡེ་ཕྱོགས་ཁག་གི་སྒར་སའི་ནང་། སཱ་ཏི་ཨར་གྱི་ཆབ་སྲིད་འགྲན་ཡ། སྔོན་ཆད་ཀྱི་ཙུང་ལི་ནོའུ་ལི་མཱ་ལེ་ཅི་ཡིས་མགོ་ཁྲིད་པའི་སྲིད་ཏང་དང་། དེ་མིན་ཕྱོགས་ཁག་གཞན་པ་གཉིས་ཀྱིས་མུའུ་ཧན་མའོ་ཏི་སུའུ་ཏན་ནེ་ཙུང་ལི་གསར་བར་བསྐོ་འཇོག་བྱེད་འདོད་ཡོད་པ་དང་། དེར་སཱ་ཏི་ཨར་གྱི་ངོ་རྒོལ་ཐེབས་པ་རེད། སཱ་ཏི་ཨར་ལས་འགུལ་གྱི་གྲོས་མི་ཚང་མས་ད་ལོའི་ཟླ་དྲུག་པར་མཉམ་དུ་ལས་ཁུར་དགོངས་ཞུ་བྱས་པ་རེད། 

ཧྥ་རན་སིའི་གསར་འགྱུར་ཁང་གིས་དབྱེ་ཞིབ་བྱས་པ་ལྟར་ན། སཱ་ཏི་ཨར་གྱི་རྒྱབ་སྐྱོར་མཁན་ཐེངས་གཉིས་ལ་གྲོས་ཁང་དུ་ཤོར་ཡོང་དོན་ནི་ཆབ་སྲིད་ཀྱི་འགྲན་ཡར་གནོན་ཤུགས་སྟེར་བའི་ཆེད་དུ་རེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།