ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིས་ཨ་མེ་རི་ཁའི་བར་དམག་དོན་ངོ་རྒོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱིས་ཚེས་ཉེར་བདུན་གྱི་དགོང་མོར་ཁྲའོ་ཞན་མེས་རྒྱལ་བཅིངས་འགྲོལ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་རེ་དགུ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་སྟེང་བསྟན་དོན། གལ་ཏེ་ཁྲའོ་ཞན་གྱི་རྒྱལ་ཁབ་བདེ་འཇགས་དང་གཞི་རྩའི་ཁེ་ཕན་ལ་གནོད་པ་ཐེབས་ན། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་འཐབ་འཁྲུག་བྱེད་པར་འཛེམ་དོགས་བྱེད་མི་སྲིད་ཟེར། 

ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་ཁྲའོ་ཞན་འཐབ་འཁྲུག་ཁྲོད་ཁྲའོ་ཞན་ལ་གནོད་པ་ཚབས་ཆེན་བཟོས་ཡོད་པ་དང་། ད་ལྟ་མུ་མཐུད་དུ་ཁྲའོ་ཞན་ལ་ཉེན་ཁའི་དགྲར་འཛིན་འགུལ་སྐྱོད་སྤེལ་བཞིན་ཡོད། ཨ་མེ་རི་ཁས་གཏན་ནས་མེད་པའི་ཁྲའོ་ཞན་གྱི་འཇིགས་ཉེན་གནད་དོན་རྫུན་བཟོ་བྱས་པ་དང་། དེར་ཁ་གཡར་ནས་ཁྲའོ་ཞན་ལ་གནོན་ཤུགས་སྟེར་བཞིན་ཡོད་ཟེར། ཁོས་ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་དམག་དོན་འཁྲུག་རྩོད་གང་རུང་བྱེད་པར་གྲ་སྒྲིག་བྱས་ཡོད་པ་བསྐྱར་སྒྲོག་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།