ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ནག་འབྲུ་རིགས་ཕྱིར་སྐྱེལ་མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་ནས་དངོས་སུ་སྐྱེལ་འདྲེན་བྱེད་པའི་མཛད་སྒོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། ཐུར་ཁེའི་དབྱི་སི་ཐན་པོར་ནས་པར་བླངས་པའི་མཚོ་ནག་འབྲུ་རིགས་ཕྱིར་སྐྱེལ་མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་ཀྱི་རྣམ་པ་རེད། 

2.jpg

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། ཐུར་ཁེའི་དབྱི་སི་ཐན་པོར་ནས། ཐུར་ཁེའི་རྒྱལ་སྲུང་པུའུ་ཀྲང་ཨ་ཁཱ་ཨར་གྱིས་མཚོ་ནག་འབྲུ་རིགས་ཕྱིར་སྐྱེལ་མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་སུ་གཏམ་བཤད་སྤེལ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེ་དང་ཨུ་རུ་སི། ཝུའུ་ཁི་ལན། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་འཐུས་མིས་ཚེས་ཉེར་བདུན་ཉིན་ཐུར་ཁེའི་ཆེས་ཆེ་བའི་གྲོང་ཁྱེར་དབྱི་སི་ཐན་པོར་དུ་ཡོད་པའི་ཐུར་ཁེའི་རྒྱལ་སྲུང་སློབ་ཆེན་གྱི་མཚོ་ནག་འབྲུ་རིགས་ཕྱིར་སྐྱེལ་མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་ནས་དངོས་སུ་སྐྱེལ་འདྲེན་བྱེད་པའི་མཛད་སྒོ་སྤེལ། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཀྲང་ཨ་ཁཱ་ཨར་མཛད་སྒོར་ཞུགས་ཏེ་གཏམ་བཤད་སྤེལ། ཨ་ཁཱ་ཨར་གྱིས་ཁྱབ་བསྒྲགས་བྱས་དོན། མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་དེ་ཐུར་ཁེ་དང་ཨུ་རུ་སི། ཝུའུ་ཁི་ལན། མཉམ་འབྲེལ་རྒྱལ་ཚོགས་བཅས་སོ་སོས་འཐུས་མི་ལྔ་རེ་མངག་ནས་གྲུབ་པ་ཡིན་ལ། འཐུས་མི་ཚོས་འཁོར་སྐར་དང་དྲ་རྒྱ། དེ་མིན་འཕྲིན་གཏོང་བྱེད་ཐབས་གཞན་པ་བཀོལ་ནས་ཚོང་ལས་འབྲུ་སྐྱེལ་གྲུ་གཟིངས་ཀྱི་འགྲུལ་བཞུད་ལམ་ཐིག་ལ་ལྟ་རྟོག་བྱེད་བཞིན་ཡོད་ཟེར། 

ཨ་ཁཱ་ཨར་གྱིས་བཤད་རྒྱུར། དུས་ཡུན་ཐུང་ངུའི་ནང་། ཝུའུ་ཁི་ལན་གྱི་མཚོ་ནག་གྲུ་ཁ་དང་བཅས་པར་ཁེགས་ཡོད་པའི་འབྲུ་རིགས་ཏུན་བྱེ་བ་གཉིས་དང་ས་ཡ་ལྔ་ལྷག་ཡོད་པ་དེ་དགོས་མཁོ་ཡོད་པའི་རྒྱལ་ཁབ་དག་ལ་སྐྱེལ་འདྲེན་བྱེད་རྒྱུ་ཡིན་པ་དང་། མཚོ་ཐོག་ནས་འབྲུ་རིགས་སྐྱེལ་འདྲེན་བདེ་འཇགས་ཀྱི་རྒྱུ་ལམ་དེ་འདྲ་ཞིག་འཛུགས་པར་དགོས་གལ་ཧ་ཅང་ཆེ་ཟེར། 

ཨ་ཁཱ་ཨར་གྱིས་བཤད་རྒྱུར། མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་ཀྱིས་ཨོ་ཏི་སཱ་གྲུ་ཁ་དང་བཅས་པའི་ཝུའུ་ཁི་ལན་གྱི་གྲུ་ཁ་གསུམ་ནས་ཕྱིར་སྐྱེལ་བའི་ཞིང་ཞོར་ཐོན་རྫས་ལ་བདེ་འཇགས་ཀྱི་མཚོ་ཐོག་སྐྱེལ་འདྲེན་འདོན་སྤྲོད་བྱེད་བཞིན་ཡོད། གལ་ཏེ་ཕྱོགས་སོ་སོས་བལྟས་ན་མཚོ་ཐོག་ནས་ཆུ་འོག་འགད་རྫས་གཙང་སེལ་བྱེད་པའི་བྱ་བ་སྤེལ་དགོས་པར་འདོད་ན། འབྲེལ་ཡོད་བཀོད་སྒྲིག་བྱེད་སྲིད་ཀྱང་། མིག་སྔར་བལྟས་ན་ཆུ་འོག་འགད་རྫས་གཙང་སེལ་བྱེད་པའི་དགོས་པ་མེད་ཟེར། 

ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཚེས་ཉེར་གཉིས་ཉིན་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་གནད་དོན་ཐད་ནས་དབྱི་སི་ཐན་པོར་ནས་སོ་སོར་ཐུར་ཁེ་དང་མཉམ་འབྲེལ་རྒྱལ་ཚོགས་བར་འབྲེལ་ཡོད་གྲོས་མཐུན་བཀོད་པ་རེད། གྲོས་མཐུན་གྱི་ནང་དོན་ལ་དབྱི་སི་ཐན་པོར་ནས་མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་བཙུགས་ཏེ་འབྲུ་རིགས་སྐྱེལ་འདྲེན་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཕྱོགས་གང་ཡིན་རུང་ཞིང་ཞོར་ཐོན་རྫས་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ལ་ཕར་རྒོལ་མི་བྱེད་པར་ཡིད་འཐད་བྱུང་བ་སོགས་འདུས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།